R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༤༤བ
[A:༡༤༤བ]དང་། བརྟན་པ་ཐོབ་པ་དང་། བརྟན་པ་ཆེར་ཐོབ་པ་དང་གསུམ་དུ་འདུས་པར་གསུངས་ཤིང་། དེ་རྣམས་རིམ་པ་བཞིན་དུ་དྲོད་མ་སྐྱེས་པ་དང་། དྲོད་ཆུང་འབྲིང་ཐོབ་པ་དང་། དྲོད་ཆེན་པོ་ཐོབ་པ་རྣམས་དང་རིམ་པ་བཞིན་དུ་སྦྱར་བ་ལྟ་བུ་ཞིག་ཡོད་ཀྱང་། རྡོ་རྗེ་སློབ་དཔོན་གྱི་དབང་ཐོབ་ནས་ལམ་ཐམས་ཅད་རྫོགས་པར་ཉམས་སུ་བླང་དུ་བཏུབ་སྟེ། ཞེས་སོགས་བརྗོད་ནས། རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་གུར་ལེའུ་བརྒྱད་པ་ནས་གསུངས་པ་ཐམས་ཅད་ལེགས་པར་བཤད་ཅིང་། མཚན་ཉིད་དེ་རྣམས་ཡོངས་སུ་རྫོགས་པ་རྡོ་རྗེ་སློབ་དཔོན་ས་ཐོབ་པ་རྣམས་ལ་ལྡན་པ་ཤས་ཆེ་ཤིང་། བླ་མ་ལྔ་བཅུ་པ་ནས་གསུངས་པའི་མཚན་ཉིད་རྣམས་ཀྱང་། དིང་སང་གི་རྡོ་རྗེ་སློབ་དཔོན་ལས་དང་པོ་པ་རྣམས་ལ་ཡོངས་རྫོགས་སུ་ཡོད་པ་ནི་ཤིན་ཏུ་དཀའ་ཞིང་། རྩ་ལྟུང་འཁྲུལ་སྤོང་ལས་རྒྱུད་རྒྱ་གཞུང་ནས་གསུངས་པའི་རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་རྣམས་ལས་དང་པོ་པ་ལ་དགོངས་གསུང་བ། འཁྲུལ་སྤོང་ཉིད་ལས། དབང་བསྐུར་བྱེད་པ་ལ་རྡོ་རྗེ་སློབ་དཔོན་སྤྲུལ་པའི་དཀྱིལ་འཁོར་སྟོན་ནུས་པ་ལ་སོགས་པ་དགོས་ཟེར་བ་ལ། རྒྱུད་སྡེ་རྣམས་ལས་དེ་ལྟ་བུའི་གང་ཟག་ལ་དགོངས་ནས་དབང་བསྐུར་གྱི་མངོན་པར་རྟོགས་པ་སའི་ཆོ་ག་ལ་སོགས་པ་མ་བཤད་པར། ལས་དང་པོ་པའི་སློབ་དཔོན་གྱིས་བྱ་དགོས་པའི་ཆོ་གའི་རིམ་པ་རྒྱས་པ་རྣམས་གསུངས་པས་ན། སྤྲུལ་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་སོགས་ཀྱི་ཆོ་ག་མ་གསུངས། ཞེས་པ་ཙམ་མ་གཏོགས། རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་རྣམས་ལས་དང་པོ་པ་ཁོ་ན་ལ་སྦྱར་བ་ནི་མི་སྣང་ངོ་། །གང་ཟག་གསུམ་གྱི་ངོས་འཛིན་ཏིང་ངེ་འཛིན་བསྒོམ་