R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༤༥ན
[A:༡༤༥ན]པའི་སྟོབས་ཀྱིས་མཉམ་གཞག་ཏུ་ཡང་། དེ་ཁོ་ན་ཉིད་ཀྱི་ཉམས་མྱོང་མཚན་ཉིད་པ་མ་སྐྱེས་པའི་བར་ལས་དང་པོ་པ། དེ་ནས་མཉམ་གཞག་ཏུ་དེ་ལྟ་བུའི་ཉམས་ངེས་པར་སྐྱེས་ཤིང་། རྗེས་ཐོབ་དུ་ཡང་སྣང་བ་ཁྲ་བོར་འཆར་བའི་བར་བརྟན་པ་ཐོབ་པ། ཆུ་བོ་རྒྱུན་གྱི་རྣལ་འབྱོར་སྐྱེས་ནས་བརྟན་པ་ཆེན་པོ་ཐོབ་པར་རྗེ་བཙུན་ས་སྐྱ་པ་གོང་མ་རྣམས་བཞེད་པར་མངོན་ལགས། དྲི་བ་བདུན་པ། གནས་གསུམ་གསལ་བྱེད་ལས། ཡུལ་ཆེན་སུམ་ཅུ་སོ་བདུན་ཚང་བར་འབྱོར་བའི་དབང་པོས་མཛད་པའི་དགའ་བའི་མེ་ཏོག་ཅེས་བྱ་བའི་བསྟན་བཅོས་ལས་གསུངས་པ་སོགས་གསུངས་གདའ་ལགས་པ། འདི་དྲི་མེད་རྒྱན་འགྲེལ་དང་མི་མཐུན་ཙ་ན། ཡུལ་ཆེན་སུམ་ཅུ་སོ་བདུན་དང་། ཞེས་སོགས་ཀྱི་གཞུང་གི་དགོངས་པར་ཇི་ལྟར་འགྲོ་ལགས། གླིང་བཞི་དང་གླིང་བཞི་གཅིག་ཏུ་སྡོམ་པ་དང་ལྔ། ཕྱིའི་ཡུལ་ཡིན་ན་གསུང་རབ་དགོངས་གསལ་ལས་ཡིན་པར་གསུངས་གདའ་ལགས་པ་དང་། སྦས་པའི་རྩ་ལྔའི་ངོས་འཛིན་གསལ་བ་གཅིག་ཀྱང་ཞུ་ཞེས་པའི་ལན་ལ། སྡོམ་གསུམ་གྱི་དྲི་བའི་ནང་དུ། ཕྱི་རོལ་ཡུལ་ཆེན་སོ་བདུན་ཞེས། །བྱ་བ་རྒྱུད་གཞུང་གང་ནས་བཤད། །ཅེས་དྲིས་པའི་ལན་ལ། ཕྱི་རོལ་དུ་ཡུལ་ཆེན་སུམ་ཅུ་སོ་བདུན་རེ་རེ་ནས་དཀྱུས་གཅིག་ལ་བགྲང་པ་གཅིག་གིས་ཁུངས་སྟོན་དགོས་བྱུང་བ་ལ། འབྱོར་པའི་དབང་པོ་དང་། བདེ་མཆོག་སྟོད་འགྲེལ་དང་། འགྲེལ་པ་གྲུ་གཟིངས་སོགས་ལས་གསལ་བར་བཤད་པའི་ཁུངས་དྲངས་ནས་གནས་གསུམ་གསལ་བྱེད་དུ་བཤད་པ་ཡིན་ལ། སྟོད་འགྲེལ་གྱི་ནང་དུ་ཡུལ་སུམ་ཅུ་རྩ་གཉིས་ཕྱི་ནང་དུ་སྦྱོར་ཚུལ་དང་། ཡུལ་སུམ་