R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༥ན
[A:༡༥ན]གསུངས་པ་དང་། ཨ་སེང་མ་ལས། སྣང་བ་གསུམ་གྱིས་ལམ་གྱི་གཞི་བཅས་ཏེ། ཉམས་བླངས་མ་ལུས་རྒྱུད་གསུམ་དག་གིས་ཤེས། །ཞེས་གསུངས་ལ། དེ་དང་མཐུན་པར་རྗེ་བཙུན་གྱི་གཞུང་ཇི་ལྟ་བ་བཞིན་དུ་དཀྲི་བའི་ཁྲིད་ཡིག་ཇོ་ལྕགས་ཀྱི་དོན་དུ་མཛད་པ་ལས། སྣང་བ་གསུམ་གྱི་དཀྲི་བའི་སྐབས་བསྟན་ཟིན་ཏོ། །དེའི་རྗེས་ཁོ་ན་ལ་རྒྱུད་གསུམ་གྱིས་དཀྲི་བར་བྱ་སྟེ། དེ་ལ་གསུམ། རྒྱུ་ཆོས་ཅན་འཁོར་བའི་གནས་ཚུལ། ལམ་བསྒོམ་པའི་ཚུལ། འབྲས་བུ་སངས་རྒྱས་ཀྱི་སའོ། །དང་པོ་ནི། འདིར་མི་བཤད་དེ་མ་དག་པའི་སྣང་བའི་སྐབས་སུ་བསྟན་ཟིན་ཏོ། །ལམ་ལ་གསུམ་སྟེ། གཞི་དམ་ཚིག་ལ་གནས་པར་བྱ་བ་དང་། གང་ཟག་དཀྲི་བའི་ཚུལ་གང་ཡིན་པ་དང་། ངེས་ཤེས་བསྐྱེད་ལ་ཏིང་ངེ་འཛིན་ངོ་ཤེས་པར་བྱ་བའི་ཕྱིར་ལམ་གྱི་ས་མཚམས་གཞག་པའོ། །དང་པོ་ནི་ལམ་ཐམས་ཅད་ཀྱི་རྩ་བ་ཡིན་ཞིང་། གང་ཟག་འབྲིང་གི་ལམ་གྱི་གཙོ་བོ་ཡིན་པས་དམ་ཚིག་ཉི་ཤུ་བསྐྱངས་པར་བྱ་སྟེ། དབང་དང་དམ་ཚིག་ལ་གནས་པ་ནི་ལམ་ཐམས་ཅད་ཀྱི་གཞི་ཡིན་ནོ། །ཞེས་སྣང་བ་གསུམ་གྱི་དཀྲིས་ཟིན་ནས་དབང་དང་དམ་ཚིག་སྟོན་པར་གསུངས་པ་དང་། རྗེ་ས་པན་གྱིས་ཀྱང་བརྡ་དོན་གསལ་བ་ལས། དབང་ཐོབ་ཟིན་པའི་གང་ཟག་ལ་དང་པོ་ཉིད་ནས་ལྟ་བ་སྟོན་པ་གསུངས་པས། རྗེ་བཙུན་གོང་མའི་ཕྱག་ལེན་མ་འཆུགས་པ་རྣམས་ལ་དཀྲི་ཚུལ་དེ་འདྲ་ཞིག་ཡོད་པར་སྣང་ཡང་། བར་སྐབས་སུ་གདུལ་བྱ་ལ་ལྟོས་ནས། དབང་བསྐུར་དང་པོ་ནས་ཐོབ་ཟིན་པ་ལ་ཁྲིད་དམིགས་རྣམས་ཕྱི་ནས་སྟོན་པའི་ཕྱག་ལེན་སྒོ་ཡངས་ཕྱོགས་ནས་སྟོན་པ་དུ་མ་ཞིག་བྱུང་བར་སྣང་