R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༥བ
[A:༡༥བ]ཞིང་། འཆད་ཚུལ་དེ་ལ་སྣང་བ་གསུམ་གྱི་ཁྲིད་མ་བསྟན་ཡང་རུང་མོད། འོན་ཀྱང་ངེས་འབྱུང་གི་བསམ་པ་བསྐུལ་བ་སོགས་དགོས་བྱེད་ཁྱད་པར་ཅན་དུ་མ་གཟིགས་ནས་སྣང་བ་གསུམ་ཡང་ཁྲིད་ཀྱི་ཁ་ཚང་བའི་ཕྱིར་སྟོན་པར་མཛད་པ་ཡིན་གྱི། གཞུང་གི་བབས་ལ་གོ་རིམ་དེ་འདྲ་ཞིག་ངེས་པར་དགོས་པར་བཞེད་པ་མ་ཡིན་པ་འདྲ་ལགས། གལ་ཏེ་ཡིན་ན་འཁོར་འདས་དབྱེར་མེད་ཀྱི་རྒྱུད་གསུམ་རྒྱས་བཤད་ཀྱི་སྐབས་སུ། སྨིན་བྱེད་ལ་འཁོར་འདས་དབྱེར་མེད་བཤད་ནས། གྲོལ་ལམ་ལ་འཁོར་འདས་དབྱེར་མེད་འཆད་པའི་ཐོག་མར་སྣང་བ་གསུམ་ལ་འཁོར་འདས་དབྱེར་མེད་རྩི་ཚུལ་འབྱུང་རིགས་པ་ལས་དེ་ལྟར་མ་བཤད་པར་དབང་འཁོར་འདས་དབྱེར་མེད་ཀྱི་ཐོག་མར། སྣང་བ་གསུམ་ལ་འཁོར་འདས་དབྱེར་མེད་རྩི་ཚུལ་བཤད་པ་ལམ་གྱི་གོ་རིམ་དང་། དེ་ལ་འཁོར་འདས་དབྱེར་མེད་རྩི་བའི་གོ་རིམ་མ་མཐུན་པའི་ཉེས་པ་དེ་ཤིན་ཏུ་སྤངས་དཀའ་བ་མ་ཡིན་ནམ། མདོར་ན་གཞུང་ཤིང་གི་བབས་ལ་དང་པོར་སྣང་བ་གསུམ་བསྟན་ནས་དབང་བསྐུར་ཏེ། གྲོལ་བྱེད་ཀྱི་ལམ་རྣམས་རིམ་གྱིས་སྟོན་པ་དང་། གདུལ་བྱ་ལ་ལྟོས་ནས་ཅི་རིགས་པར་སྟོན་དུ་རུང་བའི་ཁྱད་པར་སོ་སོར་ཤེས་ན་ལོག་རྟོག་ཁོ་ནས་དུས་འདའ་མི་དགོས་ཤིང་། ཐུབ་པའི་བསྟན་པ་གཅེས་པར་འཛིན་པའི་གང་ཟག་དམ་པ་རྣམས་ལ་ངན་སྨྲས་འབའ་ཞིག་བྱེད་པའི་སྡིག་པའི་ཁུར་ཆེན་པོས་མི་གནོན་པར་མཆིས་ལགས། གཉིས་པ་གནད་བསྡུས་ནས་ཉམས་སུ་ལེན་ཚུལ་ལས་བརྩམས་པའི་དྲིས་ལན་ནི། གཞུང་ཇི་ལྟ་བ་བཞིན་དཀྲི་བའི་གཞུང་ཤིང་ལས་དཀྲི་ཚུལ་ལོགས་པར་མི་བཞེད་པས། དཀྲི་ཚུལ་ཕྱི་མ་ཞེས་པའི་ཐ་སྙད་མི་འདོགས་