R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༧ན
[A:༡༧ན]མཆོག་ལྷུན་གྲུབ་ཀྱི་ཤྲཱི་ཨེ་ཝྃ་ཆོས་ལྡན་གྱི་ཆོས་གྲྭར་མྱུར་བ་ཉིད་དུ་བྲིས་ཏེ་ཕུལ་བའོ། །ཨཾརྡྷུཔེ་ཤཔུཥྚིཾ་ཀུཝནྟུ། ཞེས་པ་དེ་རྣམས་ཀྱིས་ཡིན་ལུགས་འཐད་ལྡན་གྱི་ལེགས་བཤད་བཀོད་པ་བསྟན་ཟིན་ཏོ། །འདིར་སྨྲས་པ། སྣང་གསུམ་སྔོན་དུ་ངེས་པར་དབང་བསྐུར་བ། །འདོད་དང་དེ་ལས་གཞན་པའི་གྲུབ་མཐའ་འདི། །རྣམ་དཔྱོད་བློ་ཡི་དཔྱད་ན་ལུགས་གཉིས་ཀ །འཐད་ལྡན་ཉིད་དུ་གྲུབ་པ་ཁོ་བོས་རྟོགས། །བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། ༈ །།ད་ནི་སྤྱི་དོན་གཉིས་པ་སེམས་བསྐྱེད་ཀྱི་བརྒྱུད་པ་དང་། སློབ་མ་རྗེས་བཟུང་ལ་གྲངས་ངེས་ཡོད་མེད་སོགས་དོན་ཚན་བརྒྱད་ཀྱི་བཞེད་ལུགས་མི་འདྲ་བའི་རྣམ་དབྱེ་བཤད་པ་ལ་བཞི་སྟེ། ངོར་ལུགས་ཀྱི་བསྟན་འཛིན་མཁས་མཆོག་གཞན་གྱི་གསུང་རབ་ལས་འབྱུང་ཚུལ་བཤད་པ། རྗེ་བཙུན་མཁས་པའི་གཙུག་རྒྱན་དཀོན་མཆོག་ལྷུན་གྲུབ་ཀྱི་གསུང་རབ་ལས་འབྱུང་ཚུལ་བཤད་པ། སྙན་བརྒྱུད་མཁས་པའི་དབང་པོའི་གསུང་རབ་ལས་འབྱུང་ཚུལ་བཤད་པ། དེ་དག་གི་ལན་འདེབས་རྫོང་ལུགས་ཀྱི་མཁས་པ་དག་གི་ལེགས་བཤད་ལས་འབྱུང་ཚུལ་བཤད་པའོ། །དང་པོ་ནི། བདག་ཆེན་རྡོ་རྗེ་འཆང་ཆེན་པོ་བློ་གྲོས་རྒྱལ་མཚན་གྱི་དངོས་སློབ་རྡོ་རིང་ཀུན་སྤངས་པ་ཆེན་པོས་བསྐུལ་ནས། ངོར་ཕྱོགས་ཀྱི་བསྟན་འཛིན་མཁས་པའི་དབང་པོ་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས་མཛད་པའི་གསུང་རབ་བྲང་མོ་ཆེ་པའི་བརྒལ་ལན་རྣམ་ཐར་སྒོ་བརྒྱད་པ་ཞེས་བྱ་བ་ལས་འདི་ལྟར་འབྱུང་སྟེ།། ༈ །།ན་མོ་གུ་རུ་ཝེ། བསྙེན་བསྒྲུབ་ཡན་ལག་རྣམ་བཞི་ཡི་ཕ་རོལ་དུ། །བདེ་བར་བྱོན་ནས་རིགས་བརྒྱའི་རྣམ་རོལ་གྱི།