R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༠བ
[A:༢༠བ]དགོས་ཏེ། སྔགས་ལམ་གྱི་ཐོག་མའི་ས་མཚམས་འཛིན་དགོས་པའི་ཕྱིར། ཇི་ལྟར་ན། སྔགས་ཆོས་ཐུན་མོང་མ་ཡིན་པ་ཚིག་གི་མ་བསྟན་ཀྱང་། གསང་སྔགས་ཀྱི་ཐར་པའི་ཡོན་ཏན་ཤེས་སམ་མི་ཤེས་ཀྱང་། དད་པས་རྗེས་སུ་འབྲངས་པའི་དགའ་སྤྲོ་མང་བའི་ཕྱིར། སྔགས་ཀྱི་ཐར་པ་ཆ་མཐུན་ནོ། །གཉིས་པ་ནི། དེ་ལྟར་སྔགས་ཀྱི་ཐར་པ་ཆ་མཐུན་དུ་ཞུགས་པའི་སློབ་མ། སྔགས་ཀྱི་ལམ་དུ་འཇུག་པར་མཛད་པ་ནི་རྗེས་འཛིན་དངོས་ཡིན་ལ། དེ་ནི་སློབ་མ་སྟ་གོན་ཉིད་ཀྱིས་མཛད་པ་ཡིན་ཏེ། སློབ་མའི་ལུས་ངག་ཡིད་གསུམ་རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས་ནས། ཐུན་མོང་ཡིན་མིན་གྱི་སྡོམ་པ་འཛིན་པ་སོགས་སྔགས་ཀྱི་ཟབ་རྒྱས་མང་པོ་ཐོས་བསམ་གཙོ་བོར་གྱུར་པའི་ཕྱིར་དང་། ཇི་སྐད་དུ། བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པ། །ཞེས་སོ། །ཆོས་ཀྱི་རྗེས་ཀྱང་སྤྱི་རྒྱུད་ཀྱི་སློབ་མ་རྗེས་འཛིན་གྱི་དངོས་གཞི་ནི། སློབ་མ་སྟ་གོན་ཉིད་ལ་དགོངས་པར་གསལ་ཏེ། ཉི་ཤུ་རྩ་ལྔ་ལས་ལྷག་པ་རྗེས་སུ་མི་འཛིན་པའི་ཤེས་བྱེད་དུ། དེ་ལས་ལྷག་པའི་སློབ་མ་ལ། ཆོ་ག་ཡོངས་སུ་རྫོགས་པ་ནི། མཚན་མོ་གཅིག་ལ་ཚར་མི་ནུས། །ཞེས་རྗེས་འཛིན་གྱི་ཆོ་ག་ལ་བཤད་པས་སོ། །མི་འཐད་དེ་དབང་དངོས་གཞི་ལ་དགོངས་སོ་ཞེ་ན། མ་ཡིན་ཏེ། དབང་བསྐུར་ཉིན་མོ་བྱས་པས་ཆོ་ག་ཉམས་པར་སུས་ཀྱང་འཆད་མི་ནུས་པའི་ཕྱིར་དང་། ཉི་ཤུ་རྩ་ལྔ་ལས་ཉུང་བ་ལ་དབང་བསྐུར་མཚན་ཐོག་ཐག་བྱས་ཀྱང་། ཆོ་ག་ཡོངས་སུ་རྫོགས་པར་མི་ཚར་བ་ཤིན་ཏུ་མང་བའི་ཕྱིར། སྟ་གོན་གཅིག་གིས་ཆོག་པའི་དབང་བསྐུར་མང་པོ་བ་རྣམས་ཡོངས་རྫོགས་གཅིག་ཏུ་འཇོག་པ་ཡིན་