R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༢བ
[A:༢༢བ]འདོད་པས། དབང་དེའི་ཐོག་མར་སྟ་གོན་དང་། དེའི་ཐོག་མར་རྗེས་བཟུང་འགྲོ་དགོས། རྗེས་བཟུང་དེ་ཡང་དབང་གི་ཆུ་བོར་བཤད་པ་དེ་ལས་གཞན་ཁྱེད་ལ་མེད་པས། ཐོག་མར་དལ་འབྱོར་རྙེད་དཀའ་ནས། དོན་དམ་སེམས་བསྐྱེད་ལ་ཐུག་པའི་བར་ཇི་ལྟ་བ་ཞིག་རྒྱུད་ལ་སྐྱེད་དུ་བཅུག་ནས། དེ་ལ་རྗེས་འཛིན་གྱི་ཆོ་ག་ཕྱག་ལེན་བཞིན་བྱེད་དགོས་སོ། །དགོས་མོད་དེ་ལས་ཅི་འགྱུར་ཞེ་ན། དོན་གཉེར་ཅན་དེ་དག་ལ་སྣང་གསུམ་གྱི་ཁྲིད་ཚར་གཉིས་ཟློས་པ་ཅན་དུ་འབོག་དགོས་པར་འགྱུར་རོ། །དེ་ལྟར་ཐལ་བ་ལས་ནི། ལམ་འབྲས་པའི་རྒྱུ་དུས་ཀྱི་དབང་བསྐུར་སྣང་གསུམ་གྱི་ཁྲིད་ཀྱི་དཀྲིས་ཟིན་པའི་འོག་ཏུ་བསྐུར་དགོས་པ་ཡང་གྲུབ། ནམ་དུ་ཡང་ནི་སུ་ཡིས་ཀྱང་། །ལུང་བསྟན་མ་ནུས་རྒོལ་བའི་ལན། །འདིར་བྱུང་འཆར་ཀའི་འོད་རིས་ཀྱིས། །གནས་འདིར་རྨོངས་པའི་ལམ་ལས་གྲོལ། །རྒོལ་བ་གསུམ་པ་ནི། སྟ་གོན་འབྲེལ་པ་མེད་པ་དང་། །ཞེས་པའི་རྒྱས་བཤད་དུ། སློབ་མ་སྨིན་བྱེད་རྡུལ་ཚོན་གྱི་དཀྱིལ་འཁོར་གཅིག་ཏུ་ཐོག་མའི་དབང་བསྐུར་ཚར་གཅིག་པུ་དེ་རིགས་མོད། དེའི་རྗེས་སུ་དཀྱིལ་འཁོར་གཅིག་པུ་དེ་ཉིད་ཀྱི་སྟེང་ནས་ཉིན་རེ་བཞིན་སྟ་གོན་སྔ་མའི་དངོས་གཞི་རེ་དང་། དངོས་གཞི་རྟིང་མའི་སྟ་གོན་རེ་སྤེལ་ནས་ཞུ་མཁན་མ་རྫོགས་ཀྱི་བར་དུ་བྱེད་དོ། །འདི་ཤིན་ཏུ་མི་རིགས་པའི་རྒྱུ་མཚན་སྨིན་བྱེད་རྡུལ་ཚོན་གྱི་དཀྱིལ་འཁོར་གཅིག་ཏུ་དབང་བསྐུར་ཚར་གཅིག་ལས་ལྷག་པ་བསྐུར་དུ་མི་རུང་སྟེ། དཀྱིལ་འཁོར་དེ་ལ་སྟ་གོན་གཅིག་ལས་མེད་པའི་ཕྱིར་ཞེས། ས་སྐྱ་པའི་སྲོལ་འཛིན་གཞན་ཐམས་ཅད་ཀྱིས་འཆད་ལ། ཁྱེད་ཀྱི་དེ་ལྟ་བུ་ལ་གོང་མའི་ལུང་ཡོད་ན་སྟོན་ཅིགགལ་ཏེ་སྟ་གོན་གསུམ་པོ་སྔར་བྱས་པ་དེས་ཆོག་གོ་ཞེ་ན། འོ་ན་བསྒྲུབ་མཆོད་སོགས་ཀྱང་སྔར་བྱས་པ་དེ་ཉིད་གནས་པས། ཉི་མ་གཞན་ལ་བྱེད་ཅི་དགོས། གལ་ཏེ་སྟ་གོན་སྔ་མ་རྣམས་བསྐྱར་ན་བྱེད་དགོས་ཤེ་ན། དཀྱིལ་འཁོར་བསྒྲུབ་ཟིན་ནས། དེའི་ལྷ་སྟ་གོན་ཇི་ལྟར་བྱེད་ཅེས་དང་། གཞན་ཡང་འབྲེལ་མེད་ཀྱི་རྩོད་ལན་ཁ་ཅིག་བཀོད་ནས། དེའི་ཤུགས་ལ་བསྒྲུབ་མཆོད་རྟིང་མ་རྣམས་ཀྱི་ཚེ་ས་ལྷའི་སྟ་གོན་བྱེད་ཐུབ་པ་ཞིག་ཡོད་ན། སྟ་གོན་འབྲེལ་པ་མེད་པ་དང་། ཞེས་པའི་རྒོལ་བ་དེ་ཟློག་ཐུབ་པར་ཁས་ལེན་ནོ། །འདིའི་ལན་ལ་གཉིས་ཏེ། དངོས་བསྟན་རྩོད་ཕྲེང་སོ་སོའི་ལན་དང་། ཞེ་འདོད་དགོངས་པའི་ལན་དཔྱིས་ཕྱིན་པའོ། །དང་པོ་ལ་གཉིས་ཏེ། རྩ་བའི་གཏན་ཚིགས་མ་ངེས་པ་དང་། གཏན་ཚིགས་དེ་བསྒྲུབ་བྱེད་ཀྱི་རིགས་པ་མཐའ་མ་ཆོད་པའོ། །དང་པོ་ནི། འོ་ན་སྨིན་བྱེད་ཀྱི་དཀྱིལ་འཁོར་དུ་སློབ་མ་གཅིག་ལས་ལྷག་པར་དབང་བསྐུར་མི་རུང་པར་འགྱུར་ཏེ། སྟ་གོན་གཅིག་ལས་མེད་པའི་ཕྱིར་དང་། སྟ་གོན་གཅིག་པུ་དེ་སློབ་མ་གྲལ་གོང་མ་དེའི་སྟ་གོན་དང་འབྲེལ་བས། སློབ་མ་གྲལ་འོག་མ་རྣམས་ཀྱི་སྟ་གོན་ལ་འབྲེལ་ཡུལ་གྱི་ལྷ་སྟ་གོན་མི་འདུག་པའི་ཕྱིར། མེད་པ་མ་ཡིན་ཏེ། ལྷ་སྟ་གོན་གཅིག་པུ་དེ་རྟིང་མ་རྣམས་ཀྱི་འབྲེལ་ཡུལ་དུ་གནས་པའི་ཕྱིར་ཞེ་ན། འོ་ན་དབང་ཚར་རྟིང་མ་རྣམས་ཀྱི་སློབ་མ་སྟ་གོན་ཡང་། ལྷ་སྟ་གོན་གཅིག་པུ་དེ་ལ་འབྲེལ་བར་འགྱུར་ཏེ། འབྲེལ་ཟླའི་དུས་སུ་འབྲེལ་ཡུལ་གནས་པའི་ཕྱིར། །ཁྱེད་ཀྱིས་བཀོད་པའི་གཏན་ཚིགས་འདི། །ཁོ་བོ་ཅག་ལ་མ་ངེས་པར་མ་ཟད་འགལ་བ་ཡིན་ཏེ། སྟ་གོན་གཅིག་པུ་ཇི་སྲིད་གནས་ཀྱི་བར་