R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༣བ
[A:༢༣བ]དུ་དཀྱིལ་འཁོར་ཡོངས་རྫོགས་གནས། དེ་གནས་པ་དེ་སྲིད་དུ་སློབ་མ་སྟ་གོན་གྱི་སྣོད་དུ་རུང་བ་སྟོང་ཕྲག་ཙམ་བྱུང་ཡང་སྨིན་དུ་རུང་བས་ཁྱབ་པའི་ཕྱིར། ཁྱེད་ཀྱི་ཞེ་འདོད་ནི་དབང་ཚར་རྟིང་མ་རྣམས་ཀྱི་སློབ་མ་སྟ་གོན་གཞི་མ་གྲུབ་པའི་ཕྱིར་ཞེས་པར་སོང་པས། མ་གྲུབ་པ་ཉིད་སྒྲུབ་བྱེད་དུ་བཀོད་པའི་ཕྱིར། མ་གྲུབ་པའི་གཏན་ཚིགས་སོ། །དེ་ལྟར་དགག་བསྒྲུབ་ཀྱི་རྣམ་གཞག་མི་ཤེས་བཞིན་དུ་གཏན་ཚིགས་བཀོད་པས། འགལ་མ་ངེས་མ་གྲུབ་པའི་སྐྱོན་གསུམ་ཀ་ཚང་བྱུང་ངོ་། །གཉིས་པ་ནི་རྩ་བའི་གཏན་ཚིགས་དེའི་རྟགས་ཆོས་ཀྱི་འབྲེལ་ནི། ལྷ་སྟ་གོན་གཅིག་ལས་མེད་ན་སློབ་མ་སྟ་གོན་ཡང་གཅིག་ལ་མི་རུང་ཞེས་པར་སོང་བ་དང་། སློབ་མ་སྟ་གོན་དང་པོའི་ཚར་གཅིག་པུ་དེ་ལྷ་སྟ་གོན་དང་འབྲེལ་ཡང་། ཚར་རྟིང་མ་རྣམས་ལྷ་སྟ་གོན་དང་འབྲེལ་བ་མེད་དེ། སྐབས་འདིར་ལྷ་སྟ་གོན་གཅིག་ལས་མེད། གཅིག་པུ་དེ་སློབ་མ་སྟ་གོན་དང་པོ་ལ་འབྲེལ་ནས་རྫོགས་ཟིན་པའི་ཕྱིར་ཞེས་པ་དང་། ལྷ་སྟ་གོན་ཞིག་བསྐྱར་ནས་བྱེད་པ་ཡོད་ན། སྟ་གོན་འབྲེལ་པ་སྲིད་ཀྱང་བསྐྱར་ནས་བྱེད་པ་མེད་ཅེས་པ་དང་། སྔ་མ་གནས་པའི་ཕྱིར་བསྐྱར་མི་དགོས་ན། ཧ་ཅང་ཐལ་བ་རྣམས་འཕངས་སོ། །དེ་དག་ལ་རིམ་པ་བཞིན་གྱི་ལན་ནི། འོ་ན་ཚར་དང་པོ་ལ་སློབ་མ་ཉི་ཤུ་རྩ་ལྔ་པོ་རེ་རེ་ལ་སྟ་གོན་རེ་རེ་ཉི་ཤུ་རྩ་ལྔ་ཡོད་པའི་ཕྱིར། ལྷ་སྟ་གོན་ཡང་ཉི་ཤུ་རྩ་ལྔ་ཡོད་དགོས་པར་འགྱུར་རོ། །དེ་མི་དགོས་ན་འབྲེལ་ཟླ་དང་འབྲེལ་ཡུལ་གྲངས་མཉམ་དགོས་པར་འགལ། སྟ་གོན་སྔ་མ་གནས་པ་དེ་ལ་རྟིང་མ་བསྐྱར་དགོས་སམ་མི་དགོས། དགོས་ན་སྟ་གོན་འབྲེལ་པ་ཡོད་པར་འགྱུར་སྟེ། སློབ་མ་སྟ་གོན་རྟིང་མ་དེ་ལྷ་སྟ་