R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༤བ
[A:༢༤བ]གྲུབ་པ་ནི། སྣང་བ་གསུམ་གྱི་ཁྲིད་ཟིན་པའི་སློབ་མ་ལ། རྗེས་འཛིན་གྱི་གྲངས་ངེས་མེད་པར་ལྷུན་གྱིས་གྲུབ་ཅིང་། གྲངས་ངེས་བྱས་ན་ཉེས་པ་ཤིན་ཏུ་ལྕི་བ་དེའི་ཚེ། གྲངས་ངེས་མེད་པར་རྗེས་སུ་བཟུང་བའི་སློབ་མ་བརྒྱ་ཕྲག་གི་གྲངས་ལས་བརྒལ་བ་དེ་དག་གི་ཡོ་བྱད་ཕུལ་ཞིང་གསོལ་བ་གདབ། བླ་མས་ཀྱང་དེ་དག་གི་དོན་དུ་ལེགས་པར་བཞེངས་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་དང་ནི། སློབ་མའི་ཚོགས་དེ་དག་ཆེས་ཤིན་ཏུ་འབྲེལ་བའི་ཕྱིར། སྟ་གོན་བཞི་པོ་ཡང་གོ་རིམ་ཇི་ལྟ་བ་བཞིན་དུ་འབྲེལ་ཆགས་པ་ན། སློབ་མའི་ཚོགས་ཇི་ཙམ་པ་དེ་ཐམས་ཅད་ཀྱི་སྨིན་བྱེད་དཀྱིལ་འཁོར་དུ་རུང་བ་ཡིན་ནོ། །ཉེས་པ་དེ་གཞན་ལ་ཡོད་པ་ལ་གཉིས་ལས། དང་པོ་འགལ་བ་འདུས་པ་ནི། ཁྱེད་ཀྱི་དབང་ཚར་དང་པོ་བྱས་ཟིན་པའི་རྡུལ་ཚོན་ལ་སྟ་གོན་བསྐྱར་བ་དང་། བསྒྲུབ་མཆོད་བསྐྱར་ན་སྟ་གོན་འབྲེལ་པ་གྲུབ་པར་ཁས་བླངས་པས་དབང་ཚར་གཉིས་པ་སོགས་རུང་བར་ཐལ་བ་ཡིན་ནོ། །གཉིས་པ་ཉེས་པ་ཆེན་པོ་གཞན་གྱིས་ཁྱེད་ལ་གནོད་པ་ནི། རྡུལ་ཚོན་ལ་དབང་ཚར་གཅིག་ལས་མི་བཏུབ་ན། རས་བྲིས་ལ་ཡང་མི་བཏུབ་པར་མཚུངས་སོ། །མི་མཚུངས་ཏེ། རས་བྲིས་སྨིན་བྱེད་མ་ཡིན་པ་ལ་དེ་ལྟར་རུང་བ་དང་གནས་གཞན་དུ་སྤྱན་འདྲེན་བཏུབ་པས། དེ་ལྟར་རུང་བ་ཡིན་ནོ་ཞེ་ན། སྨིན་བྱེད་མ་ཡིན་པའི་རྡུལ་ཚོན་ལ་ཡང་དེ་ལྟར་རུང་བ་དང་། དེ་རིང་གི་རྡུལ་ཚོན་མི་དམིགས་པར་བྱས་རྗེས་སུ། སང་ཉིན་གྱི་རྡུལ་ཚོན་ལ་དེ་ལྟར་རུང་བ་ཉིད་དུ་འགྱུར་ཞིང་། རུང་བ་ཡང་ཡིན་ནོ། །མདོར་བསྡུ་ན། རྡུལ་ཚོན་དང་རས་བྲིས་གང་ཡིན་ཀྱང་རུང་། སློབ་མ་སྨིན་བྱེད་དུ་མི་རུང་ནི་སློབ་མ་དང་དཀྱིལ་འཁོར་དེ་ལ་