R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༡བ
[A:༣༡བ]ཆེས། གཙོ་བོ་ལྔ་ལ་རྡོ་རྗེ་སེམས་དཔའ། ཕོ་བྲང་གི་འཁོར་རྣམས་ལ་རང་རང་གི་གཙོ་བོ། སྐྱེ་མཆེད་ཀྱི་ལྷ་རྣམས་ལ་རང་རང་གི་ཁ་དོག་དང་མཐུན་པའི་རིགས་བདག ཁྲོ་བོ་བཅུ་ལ་སྲུང་འཁོར་གྱི་སྐབས་ནས་འབྱུང་བ་བཞིན། རིགས་ཀྱི་བདག་པོས་དབུར་བརྒྱན་པར་བསམ་མོ། །ཞེས་གསུངས་པ་ཡིན་ནོ། །འོ་ན་བཤད་པ་གཉིས་པ་མ་མཐུན་པས་འཕགས་པས་གསུངས་པ་དེ་མི་འཐད་དོ་ཞེ་ན། མི་མཐུན་པར་སྣང་བ་ནི་བརྒྱུད་པའི་མན་ངག་མེད་པར། ཡི་གེ་ལ་ཐུག་འཕྲད་དུ་བྱས་པའི་སྨྲ་བ་སྟེ། འདིར་རྡོ་རྗེ་སེམས་དཔའ་ནི་རིགས་ལྔ་པོ་རང་རང་གི་རྒྱུ་རྡོ་རྗེ་འཛིན་པ་ཡིན་པས། རང་རིགས་ཀྱིས་རྒྱས་གདབ་པ་ཡང་ཡིན་ལ། རྡོ་རྗེ་སེམས་དཔས་རྒྱས་གདབ་པ་ཡང་ཡིན་པས་དོན་ཅིག་ཡིན་ནོ། །ཞེས་འབྱུང་ངོ་། །འདིའི་ལན་ནི། དོན་ཚན་བདུན་གྱི་སྒོ་ནས་མགོ་སྨོས་པ་ཙམ་གྱིས་གོ་བར་བྱ་སྟེ། འདི་ལྟར། ཁ་སྦྱོར་རྩ་འགྲེལ་དུ་རྒྱས་གདབ་ཀྱི་དངོས་བསྟན་མེད་ཀྱང་། མན་ངག་ལུགས་ལ་རྒྱས་གདབ་ཏུ་སྦྱོར་དགོས་པ། དེའི་རྒྱབ་རྟེན་དུ་མན་ངག་སྙེ་མ་དང་། ཕྱག་རྒྱ་བཞི་པའི་ལུང་སྦྱར་བ། རྒོལ་བས་ཕྱག་རྒྱ་བཞི་པའི་ལུང་མ་མཐོང་བཞིན་དུ་ཕོ་བྲང་དྲུག་གི་ཁུངས་སུ་བཤད་པས་ཕོ་ཚོད་ཀྱི་རང་བཟོར་བསྟན་པ། ལྷ་ཐམས་ཅད་རྡོ་རྗེ་སེམས་དཔས་དབུ་བརྒྱན་པ་དང་། སྲས་དོན་མ་ལས་བཤད་པའི་ཁྱད་པར་དབུ་རྒྱན་རང་བཅས་དང་དབང་དངོས་སུ་བླངས་པའི་ཁྱད་པར་དུ་བསྟན་པ། རྒོལ་བས། འཕགས་པའི་ལུང་ཕྱོགས་སྔ་ལ་གནོད་བྱེད་དུ་དྲངས་པ་ན་སྲས་དོན་མའི་རང་ལུགས་བཀག་པར་བསྟན། དེ་དང་དེ་མི་འགལ་བའི་སྐྱོན་སྤོང་བྱས་པ་ན་ཕྱོགས་སྔ་མ་ལ་གནོད་བྱེད་དུ་འཕངས་པ་