R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༣ན
[A:༣༣ན]སྔ་མའི་རྡོ་རྗེ་འཛིན་པས་ཁ་ཟས་ཀྱི་རྣལ་འབྱོར་དང་བདུད་རྩི་མྱང་བ་འོད་དཔག་མེད་ཀྱི་ཡན་ལག་སོགས་ཡོད་པར་ཁས་མི་ལེན་པ་ཅི། དུས་རྒྱུན་དུ་བའི་དམ་ཚིག་གི་དུས་ཁྱད་པར་ཅན་ལ་བཟའ་བའི་དམ་ཚིག་མེད་པའི་དགག་བྱ་མི་ཁེགས་ན། དུས་ཁྱད་པར་ཅན་དེ་དུས་རྒྱུན་དུ་བའི་ཆ་ཤས་སུ་མི་གཏོགས་པ་ཡིན་ནམ། སྤྱིར་ཡང་སྡོམ་བརྩོན་རྡོ་རྗེ་འཛིན་པ་ས་མ་ཐོབ་པ་དང་། མ་མཐའང་སའི་དངོས་རྒྱུ་ལ་ཉེ་བར་སྦྱོར་བའི་རྒྱུ་ཚོགས་མ་ཚང་བ་དེ་འདྲ་དེ་དག་ལྟ་ཅི་སྨོས། སྦྱངས་རྟོགས་སྦར་གསུམ་གྱི་ནུས་པ་མ་ཐོབ་ན་ཁྱིམ་པ་རྡོ་རྗེ་འཛིན་པ་དག་གིས་ཀྱང་ཚོགས་ཀྱི་འཁོར་ལོ་ཡོངས་སུ་རྫོགས་པ་ལ་ལོངས་སྤྱོད་པ་ན། ཟག་པ་མེད་པའི་བདེ་བ་དང་དགའ་བས་རྣལ་འབྱོར་པའི་ལུས་སེམས་ཚིམ་པར་བྱས་པ་ཡིན་ནམ། ཟག་པ་དང་བཅས་པའི་དགའ་བདེས་དེ་ལྟར་བྱས་པ་ཡིན་ཞེས་རྣམ་པར་བརྟགས་པ་ན། ཆགས་པའི་རྣམ་པར་རྟོག་པ་དང་བཅས་པའི་དགའ་བ་དང་བདེ་བ་ནི་ཐ་མལ་གྱི་ལམ་མོ། །གཟུང་འཛིན་དུ་ཞེན་པའི་རྣམ་པར་རྟོག་པ་དང་བྲལ་བའི་དགའ་བ་དང་བདེ་བ་ནི་རྡོ་རྗེ་འཛིན་པའི་ལམ་མོ། །དོན་འདི་ལ་སྦྱངས་པ་ཞེས་པ་ནི་ཐ་མལ་གྱི་ཤ་ཆང་ལ་སོགས་པར་ཞེན་པ་ལྟ་ཅི་སྨོས། རྣལ་འབྱོར་པ་རང་ཉིད་ལྷར་གསལ་བའི་ཡེ་ཤེས་ཀྱི་ངོ་ན་ཐ་མལ་དུ་སྣང་བ་ཙམ་ཡང་མི་དམིགས་པའོ། །དེ་ལྟ་ན་ཡང་ཇི་སྲིད་སངས་མ་རྒྱས་པ་དེ་སྲིད་དུ་རྣལ་འབྱོར་པ་རང་གི་རྣམ་ཤེས་ལ་ཡང་། ཐ་མལ་པ་དང་མཐུན་པར་སྣང་བ་ནི་བཟློག་མི་ནུས་པས་ན་གཞི་མི་སྤོང་བ་ཞེས་དང་། སྒྱུ་མ་ལྟ་བུར་སྣང་བ་ཞེས་བྱ་བ་དེ་ཡིན་ནོ། །རྟོགས་པ་ཞེས་བྱ་བ་ནི་ཚོགས་ཀྱི་ཡོ་བྱད་ལྟ་ཞོག བདག་དང་སྣང་བ་