R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༣བ
[A:༣༣བ]ཐམས་ཅད་ཆོས་དབྱིངས་བདེ་བ་ཆེན་པོ་ཉིད་དུ་རོ་གཅིག་པའོ། །དེའི་རྒྱུ་མཚན་གྱིས་དེ་དུས་ཀྱི་རྣམ་པར་རོལ་པ་ཐམས་ཅད་ཆོས་ཀྱི་དབྱིངས་དང་མཉམ་པར་སྤྲོ་ནུས་པ་ནི་སྣང་བ་ཞེས་བྱ་བ་དེ་ཡིན་ནོ། །འདིར་སྡོམ་བརྩོན་རྡོ་རྗེ་འཛིན་པ་བསྙེན་པར་རྫོགས་པ་བསྟན་པའི་བདག་པོར་གྱུར་པ་ནི། ས་ཆེན་པོ་ལ་གནས་པ་ཡིན་ཀྱང་། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་སྤྱད་པ་ཉིད་ཀྱིས་ཚོགས་ཀྱི་འཁོར་ལོའི་རྣམ་རོལ་སོགས་སྤྲོས་བཅས་ཀྱི་སྤྱོད་པ་མ་མཛད་པའི་ཉེས་པས་ཅུང་ཟད་ཀྱང་མ་གོས་པར་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ལ་ཐག་ཐོགས་མེད་པ་ཉིད་དུ་སྦྱོར་ནུས་པ་ཡིན་ཏེ། འཕགས་མཆོག་ཀླུ་སྒྲུབ་དང་། སློབ་དཔོན་ཆེན་པོ་ཞི་བ་ལྷ་བཞིན་ནོ།། །།སྨྲས་པ། རྣམ་དཔྱོད་ལྡན་པའི་འབེལ་གཏམ་གྱི། མཁས་འགའ་མགུ་བར་བྱེད་པ་དང་། །མི་ཤེས་པ་དག་མ་བསླབ་པའི། །འགྱོད་པས་རང་ལ་འཁུ་བར་བྱེད། །འདིར་བྱུང་རྒོལ་བའི་ལན་བཏབ་པ། །འདི་ལས་གཞན་ཞིག་ཕྱོགས་སྔ་མའི། །རྗེས་འཇུག་ཁེངས་པ་ལྡན་འགའ་ལ། །ཡོད་ན་རིགས་པར་མི་སྨྲ་ཅི། །མེད་ན་རྒོལ་བ་འདི་བདེན་ཞེས། །གསོང་པོར་སྨྲོས་ལ་ཐལ་མོ་སྦྱོར། །ཚིག་ངན་གྱ་གྱུའི་ཕྲེང་བ་ཡིས། །བསྟན་འཛིན་སྐྱེས་བུ་སུན་མི་དབྱུང་། །འདི་སྦྱར་འདི་ནི་རིས་མེད་ཀྱི། །བསྟན་པའི་བདག་པོ་ཁྱབ་བདག་མགོན། །ཉིད་ཀྱི་ཞབས་རྡུལ་རྙོག་བྲལ་བ། །གང་གི་སྤྱི་བོར་བླང་དེ་ལ། །ཀུན་བཟང་ཆོས་ཀྱི་ཉི་མ་ཡིས། །གསོལ་བ་བཏབ་ནས་འདི་གྲུབ་པ། །དེ་ཡི་དགེ་བས་དཔྱོད་ལྡན་ཀུན། །འབེལ་བའི་གཏམ་གྱིས་ཡི་རང་ཤོག །ཅེས་པ་དེ་རྣམས་ཀྱིས་ངོར་ལུགས་ཀྱི་བསྟན་འཛིན་མཁས་མཆོག་གཞན་གྱི་གསུང་རབ་ལས་བྱུང་ཚུལ་བཤད་ཟིན་