R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༤ན
[A:༣༤ན]ནས།། ༈ །།གཉིས་པ་རྗེ་བཙུན་མཁས་པའི་གཙུག་རྒྱན་དཀོན་མཆོག་ལྷུན་འགྲུབ་ཀྱི་གསུང་རབ་ལས་འབྱུང་ཚུལ་བཤད་པ་ལ་གཉིས་ཏེ། བརྒལ་ལན་ཚངས་པའི་རིགས་སྔགས་ཉིད་བཤད་པ་དང་། དེའི་དོན་བསྡུས་བཤད་པའོ། །དེའི་དང་པོ་ནི་བཤེས་གཉེན་ཆེན་པོ་མུས་སྲད་པས་བརྒལ་ཞིང་བརྟགས་པའི་ལན་རྣམ་པར་ངེས་པ་ཚངས་པའི་རིགས་སྔགས་ཞེས་བྱ་བ་ལས་འདི་ལྟར་འབྱུང་སྟེ། ན་མོ་བཛྲ་དྷ་ར་ཡ། སྟོབས་ལྡན་མདའ་ལྔའི་འཇུག་པས་མ་སྒྲིན་པར། །དྲེགས་ལྡན་ལྷ་བརྒྱའི་གཙུག་ཏུ་ངལ་བསོ་མཛད། །བྱམས་ལྡན་བདུད་རྩིའི་བདེ་བ་ལ་དགེས་པའི། །དཔལ་ལྡན་ས་སྐྱའི་བླ་ཆེན་ཕྱག་གི་གནས། །གངས་ཅན་ལྗོངས་འདིར་ཀུན་མཁྱེན་གཉིས་པ་རུ། །རབ་གྲགས་རྒྱལ་བས་ལུང་བསྟན་འཁོར་ལོའི་མགོན། །མཁས་ཀུན་དགའ་བའི་མཛད་པ་བཟང་པོ་ཡིས། །སྟོན་པའི་རྒྱལ་ས་འཛིན་ཁྱོད་བསྔགས་པར་འོས། །གང་གི་འཕྲིན་ལས་སྙོག་བྲལ་འོ་མའི་མཚོ། །དཔྱོད་ལྡན་མང་པོའི་བསྟེན་བྱར་རྣམ་བརྟགས་པ། །ཕྱོགས་འཛིན་མུན་པའི་ཁུང་བུར་ཉལ་བྱེད་པའི། །བློ་ཆུང་བྲང་འགྲོའི་ཚོགས་ཀྱི་སྤངས་སོ་ལོ། །རྨད་བྱུང་བརྒྱུད་པའི་བཞེད་གཞུང་དབང་གི་རྒྱལ། །སྒྲོས་ངན་དབུགས་ཀྱི་དུག་ཅན་གྱིས་འཁྲུད་ན། །འཕྲིན་ལས་འོད་ཟེར་འཕྲོ་བར་མི་ནུས་པས། །ལུང་རིགས་སྔགས་འདིས་གཞན་ཟེར་རིང་དུ་བྱ། །ཆགས་སྡང་དུག་མཚོ་བསྲུབ་པ་ལས་བྱུང་བའི། །ཚིག་རྩུབ་ནག་པོ་བརྩེགས་པའི་ཁ་དོག་ཙམ། །བློ་ངན་མགྲིན་པའི་རྒྱན་དུ་རེ་བ་དག །ཁོང་ཁྲོའི་མིག་མེ་འབར་བར་མ་བྱེད་ཅིག །དེ་ཡང་བདག་ཅག་རྣམས་ཀྱི་འདྲེན་པ་དམ་པ་འགྲོ་བ་ལྷ་དང་