R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༤བ
[A:༣༤བ]བཅས་པ་ཐམས་ཅད་ཀྱི་གཙུག་གི་ནོར་བུ་རྒྱལ་བའི་བསྟན་པ་ལ་རྒྱལ་བ་གཉིས་པ་ལྟར་ལུང་བསྟན་གྱི་བདུད་རྩི་བརྙེས་པ། རྩོད་པའི་དུས་ཀྱི་ཐམས་ཅད་མཁྱེན་པའི་དབང་པོ་དེས། ཐུབ་པའི་བསྟན་པ་སྤྱི་དང་། བྱེ་བྲག་གི་བརྒྱུད་པའི་སྲོལ་རྨད་དུ་བྱུང་བ་རྣམས་མ་འདྲེས་ལ་ཡོངས་སུ་རྫོགས་པའི་སྒོ་ནས་མཐའ་ཡས་པའི་འགྲོ་བ་རྣམས་སྐལ་བ་བཟང་པོར་མཛད་པས་གངས་ཅན་གྱི་ལྗོངས་འདིར་འཕྲིན་ལས་ཀྱི་འོད་ཟེར་ཉི་མ་ལྟར་ཆེས་ལྷག་པར་གྱུར་པ་ལ་ཀུན་ནས་ཕྲོག་པར་བྱེད་ཅིང་། དད་པ་ཙམ་གྱི་རྗེ་བཙུན་ས་སྐྱ་པ་ཡབ་སྲས་ཀྱི་རྗེས་སུ་འབྲངས་ཀྱང་། བློ་གྲོས་ཤིན་ཏུ་གཞོན་ནུ་མར་གྱུར་པས་གསུང་རབ་ཀྱི་ཚོགས་མང་དུ་མ་ཐོས་ཤིང་། ལུང་དང་རིགས་པའི་རྒྱ་མཚོ་མ་མཐོང་བས་རང་སྣང་ཙམ་གྱིས་ཚིམ་པའི་སྐྱེ་བོ་ཆུ་སྐྱར་གྱི་བརྟུལ་ཞུགས་ཅན་འགའ་ཞིག་འདི་སྐད་དུ། སེམས་བསྐྱེད་བརྒྱུད་པ་མེད་པ་དང་། །རྗེས་བཟུང་གྲངས་ངེས་མེད་པ་དང་། །སྟ་གོན་འབྲེལ་པ་མེད་པ་དང་། །སློབ་དཔོན་གྲངས་ངེས་མེད་པ་དང་། །དབང་བསྐུར་ཡོངས་དག་མེད་པ་དང་། །ལུས་དཀྱིལ་འབྱུང་ཁུངས་མེད་པ་དང་། །རྒྱས་གདབ་རིགས་ཚོན་མེད་པ་དང་། །བཟའ་བའི་དམ་ཚིག་མེད་པ་དང་། །ཆོས་ལྟར་བཅོས་ནས་ཆོས་མིན་བྱེད། །སྨིན་པར་འདོད་ཀྱང་འདིས་མི་སྨིན། །གྲོལ་བར་འདོད་ཀྱང་གྲོལ་མི་ནུས། །ནོར་པའི་ཆོས་རྣམས་དགག་པར་བྱ། །ཞེས་རང་གི་འགྲེལ་པ་དང་བཅས་ནས་རྒོལ་བར་བྱེད་དོ། །དེ་ལ་རྒོལ་བ་དང་པོ་ནི། སྤྱིར་དབུ་མ་ལུགས་ཀྱི་སེམས་བསྐྱེད་འདི་ལམ་འབྲས་བརྒྱུད་པ་ལ་མེད། ཁྱད་པར་དུ་རྗེ་བཙུན་ཆེན་པོས་མཛད་པའི་སེམས་བསྐྱེད་ཀྱི་ཡི་གེ་ངོར་ཆེན་པས་སྒོ་རུམ་ནས་བརྙེད་