R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༥ན
[A:༣༥ན]ཟེར་བ་དེའི་སྟེང་ནས་སེམས་བསྐྱེད་བྱེད་པ་ནི། བརྒྱུད་པ་ཆད་པ་ནི་ཚིག་དེ་རང་ཉིད་ཀྱིས་ཤེས་ཤིང་། ཡི་གེ་དེའི་སྟེང་ནས་སུས་ཀྱང་བྱས་པ་མེད་དོ་ཞེས་ལམ་འབྲས་པ་ཕྱི་མ་རྣམས་ཀྱིས་བརྒྱུད་པ་གྲངས་འདྲེན་པར་བྱེད་དོ་ཞེས་སྨྲའོ། །ལན་ལ་གསུམ། དངོས་བསྟན་གྱི་རྒོལ་ཚུལ་ལ་སྐྱོན་ཆགས་པ། ཞེ་འདོད་ཀྱི་ལན་དཔེ་དང་བཅས་ཏེ་བཤད་པ། རྒོལ་པ་པོ་རང་ཉིད་ཉེས་པ་ཅན་དུ་བསྟན་པའོ། །དང་པོ་ནི། སེམས་བསྐྱེད་ཀྱི་ཡི་གེ་དེ་ཉིད་སྔར་མེད་པ་ཕྱིས་གསར་དུ་བརྙེད་པ་དང་། ཡི་གེ་དེའི་སྟེང་ནས་སྔོན་བྱོན་པའི་ཆེན་པོ་སུས་ཀྱང་སེམས་བསྐྱེད་ཀྱི་ཆོ་ག་བྱས་པ་མེད་དོ་ཞེས་པ་དེ་འདྲ་བའི་ཚིག་དང་དོན་གྱི་ཆ་ཟུར་ཙམ་ཡང་ཁོ་བོ་ཅག་གི་རྗེ་ཐམས་ཅད་མཁྱེན་པའི་གསུང་རབ་ཀྱི་ཚོགས་གང་ན་ཡང་མི་བཞུགས་ཤིང་། ཁུང་ཐུབ་ཀྱི་གསུང་བགྲོས་དག་ན་ཡང་དེ་འདྲ་བ་མེད་པས། རྒོལ་བའི་ཚིག་དེ་རྣམས་ནི་རང་གི་ཞེ་འདོད་ཀྱི་དབང་གིས་ནན་གྱིས་སྨྲས་པའི་ལྟག་ཆོད་ཁོ་ན་ཡིན་པས། ཆོས་ཀྱི་རྗེས་སུ་འབྲངས་པའི་དཔྱོད་ལྡན་སུ་ཞིག་ཕྱོགས་འཛིན་གྱི་གཏམ་དེ་ལ་ཡིད་ཆེས་པར་འགྱུར་ཏེ་མི་འགྱུར་རོ། །གཉིས་པ་ནི། སེམས་བསྐྱེད་ཀྱི་ཡི་གེ་དེ་གསར་དུ་རྙེད་པ་དང་དེ་ལ་ལུང་གི་རྒྱུན་མེད་པ་ཡིན་དུ་ཆུག་ཀྱང་། དེས་སེམས་བསྐྱེད་ཀྱི་སྡོམ་པའི་རྒྱུན་མེད་པར་དབང་གི་འབྱོར་པ་སུས་ཀྱང་བསྒྲུབ་པར་ནུས་པ་མ་ཡིན་ཏེ། སྤྱིར་རྒྱུད་སྡེ་ནས་བཤད་པའི་དབང་གི་སྔོན་དུ་འགྲོ་བའི་སེམས་བསྐྱེད་ཅིག་མི་འདོད་ན་ནི་ཤིན་ཏུ་སྐལ་བ་དམན་ལ། འདོད་ན་སངས་རྒྱས་ནས་རྗེ་རྩེ་མོ་ཡན་ཆད་ལ་ཡི་གེ་དེ་གཏན་མེད་ཀྱང་། དེའི་བརྗོད་བྱ་དང་མཐུན་པའི་སེམས་བསྐྱེད་ཀྱི་སྡོམ་པའི་