R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༥བ
[A:༣༥བ]རྒྱུད་ཡོད་པ་དང་། རྗེ་བཙུན་ནས་ཁོ་བོ་ཅག་གི་རྗེ་ཐམས་ཅད་མཁྱེན་པའི་བར་ལའང་བདེ་ཀྱཻ་གཉིས་ཀྱི་དབང་གི་སྔོན་དུ་ཡི་གེ་དེ་དང་མཐུན་པའི་སེམས་བསྐྱེད་ཀྱི་སྡོམ་པ་འབོག་པའི་ཕྱག་ལེན་མ་ནོར་བ་ཡོད་པས། ཕྱག་ལེན་དེ་དང་མཐུན་པའི་ཡི་གེ་གང་ཟག་སུ་ཞིག་གིས་བྱས་ཀྱང་དེའི་སྟེང་ནས་ཆོ་ག་བྱར་རུང་བ་ཡིན་ཏེ། དཔེར་ན་རྗེ་རྩེ་མོའི་དབང་ཆུའི་ལུང་མ་ཐོབ་ཀྱང་མན་ངག་ལུགས་ཀྱི་དབང་ཕྱིན་ཅི་མ་ལོག་པ་ཐོབ་པའི་རྡོ་རྗེ་སློབ་དཔོན་ཞིག་གི་དབང་ཆོག་དེའི་སྟེང་ནས་དབང་བསྐུར་བྱས་པས་ཆོག་པ་དང་། ཀརྨ་ཤ་ཏམ་ལྟ་བུའི་སྟེང་ནས་སྡོམ་པ་ཐོབ་ལ་མ་ཉམས་པའི་མཁན་པོ་ཞིག་གི་ལས་ཆོག་གོ་ཆོད་པ་གང་ཡང་རུང་བ་ཞིག་གིས་སྟེང་ནས་སྡོམ་པ་ཕོག་པས་ཆོག་པ་བཞིན་ཏེ། སྙན་བརྒྱུད་ཡི་གེར་བྲིས་པ་ཐམས་ཅད་ལ་འདིས་མཚོན་ནོ། །དེས་ན་ཇོ་བོ་ག་ཡ་དྷ་ར་ལ་སོགས་པའི་ལམ་འབྲས་པ་རྣམས་དང་། གྲུབ་ཆེན་ནཱ་རོ་པ་ལ་སོགས་པའི་བདེ་མཆོག་པའི་བླ་མ་རྣམས་ལས་རིམ་པར་བབས་པའི་བརྒྱུད་པ་རྣམ་པར་དག་པ་གཉིས་དང་ལྡན་པའི་སེམས་བསྐྱེད་ཀྱི་ཆོ་ག་ལ་བརྒྱུད་པ་མེད་དོ་ཞེས་བསྐུར་པ་འདེབས་པར་བྱེད་པའི་ཁའི་བུ་ག་ནི་ངེས་པར་འདོད་པའི་དབང་ཕྱུག་གི་ཕྱེ་བའོ། །རྗེ་བཙུན་ཆེན་པོས་མཛད་པའི་ཡི་གེ་དེ་ནི་རྒྱུད་སྡེ་ནས་བཤད་པའི་ཐུན་མོང་མ་ཡིན་པའི་སྐྱབས་འགྲོ་སེམས་བསྐྱེད་འབོག་བྱེད་ཀྱི་ཆོ་ག་ཡིན་པས། མདོ་ནམ་མཁའི་སྙིང་པོ་ལ་སོགས་པའི་རྗེས་སུ་འབྲངས་བའི་ཀླུ་སྒྲུབ་ནས་བརྒྱུད་པའི་དབུ་མ་ལུགས་ཀྱི་སེམས་བསྐྱེད་དེ་ལམ་འབྲས་བརྒྱུད་པ་ལ་ཡོད་པའམ། མེད་པ་གང་ལྟར་ཡང་ཕྱོགས་འདི་ལ་ཕན་གནོད་གང་ཡང་མེད་པས་རྒོལ་བ་འདི་ནི་ཕྱོགས་སྔ་མའི་འདོད་པ་མ་ངེས་བཞིན་