R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༦ན
[A:༣༦ན]དུ་དགག་བསྒྲུབ་ལ་ཞུགས་པར་མངོན་ནོ། །གསུམ་པ་ནི། དེ་ལྟར་བརྟགས་པ་དེའི་ཚེ་རྒོལ་བ་རང་ཉིད་བརྒྱུད་པ་དང་བཅས་པ་ལ་སྦྱོར་དངོས་རྗེས་གསུམ་ཚང་བའི་ཆོ་ག་ལས་ཐོབ་པའི་ཐེག་ཆེན་སེམས་བསྐྱེད་མེད་པ་ཉིད་དུ་ཁས་བླངས་པ་ཡིན་ཏེ། དབུ་མ་ལུགས་ཀྱི་སེམས་བསྐྱེད་ནི་ལམ་འབྲས་པར་མེད་པ་ཁས་བླངས། རྒྱུད་སྡེ་ནས་བཤད་པའི་ཐུན་མོང་མ་ཡིན་པའི་སེམས་བསྐྱེད་ལ་ནི་ལག་ལེན་གྱི་སྲོལ་ཡོད་པ་ཁྱེད་ཀྱི་དགག་བྱའི་གཙོ་བོ་ཡིན། སེམས་ཙམ་ལུགས་ཀྱི་སེམས་བསྐྱེད་ནི་ཇོ་བོ་ནས་བརྒྱུད་པའི་བཀའ་གདམས་པའི་ལུགས་ཡིན་གྱི། ལམ་འབྲས་པ་གོང་མ་རྣམས་ལ་མེད། དེ་དག་ཏུ་མ་ལུས་པའི་ཐེག་ཆེན་སེམས་བསྐྱེད་རང་འབོགས་བྱེད་ཀྱི་ཆོ་ག་སྦྱོར་དངོས་རྗེས་གསུམ་ཚང་བ་ཚད་མས་དམིགས་པའི་ཕྱིར་དང་། ཡོད་ཀྱང་དེ་ལའང་བརྒྱུད་པ་ཡོད་པ་དཀའ་བའི་ཕྱིར་རོ། །མེད་མོད། དེ་ལས་ཅི་འགྱུར་ཞེ་ན། ཤིན་ཏུ་མི་རིགས་ཏེ། རིགས་དང་དམ་ཚིག་མ་ཐོབ་སྙིང་རྗེ་མེད། །དེ་བཞིན་བྱང་ཆུབ་སེམས་ཀྱང་མ་བསྐྱེད་ཅིང་། །སངས་རྒྱས་མ་དད་ལྷ་གཞན་བསྟེན་པ་ལ། །ང་ཡི་གསང་སྔགས་བསྟན་ན་ཕུང་བར་འགྱུར། །ཞེས་དང་། ཕྱག་རྡོར་དབང་བསྐུར་བ་ལས། འཇམ་དཔལ་གང་དག་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་ཞུགས་པ་དང་། གང་གི་ཚེ་དེ་དག་གི་བྱང་ཆུབ་ཀྱི་སེམས་བསྒྲུབ་པར་གྱུར་པ་དེའི་ཚེ། འཇམ་དཔལ་བྱང་ཆུབ་སེམས་དཔའི་གསང་སྔགས་ཀྱི་སྒོ་སྤྱོད་པའི་བྱང་ཆུབ་སེམས་དཔའ་དེ་དག་ཡེ་ཤེས་ཆེན་པོར་དབང་བསྐུར་བའི་གཟུངས་སྔགས་ཀྱི་དཀྱིལ་འཁོར་འདིར་གཞུག་པར་བྱ་ཡི། གང་དག་གི་བྱང་ཆུབ་ཀྱི་སེམས་རྫོགས་པར་མ་གྱུར་