R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༦བ
[A:༣༦བ]པ་དེ་དག་ནི་མི་གཞུག་གོ །དེ་དག་ལ་ནི་ཕྱག་རྒྱ་དང་སྔགས་བསྟན་པར་མི་བྱའོ། །འཇམ་དཔལ་བྱང་ཆུབ་སེམས་དཔའ་མཚམས་མེད་པ་ལྔ་བྱས་པ་ནི་སླའི། དམ་ཚིག་མི་ཤེས་པ་དང་། ལུས་ཡོངས་སུ་མ་སྦྱངས་པ་དང་། བྱང་ཆུབ་ཀྱི་སེམས་བསྒོམ་པ་མ་གྲུབ་པ་ལ་སྟོན་པ་ནི་དེ་ལྟར་མིན་ཏེ། འཇམ་དཔལ་སེམས་ཅན་དེ་དག་གི་མདུན་དུ་ནི་ནམ་ཡང་ཚིག་ཙམ་ཡང་བརྗོད་པར་མི་བྱའོ། །ཞེས་སོགས་རྒྱ་ཆེར་བཤད་པ་དང་འགལ་བ་དང་། སློབ་དཔོན་རིན་པོ་ཆེའི་དབང་ཆུ་ལས། གང་ཟག་རིམ་གྱིས་པ་དང་ཅིག་ཅར་བའི་རིགས་ཅན་གཉིས་ཀ་ལའང་སེམས་བསྐྱེད་ལ་རྗེས་སུ་བཟུང་བར་བྱའོ། །ཞེས་པ་ཁོ་ན་འབྱུང་བ་དང་། ལྗོན་ཤིང་ལས། དེ་ལྟར་ཅིག་ཅར་དུ་འཇུག་པ་ཞེས་བྱ་བ་ཡིན་མོད་ཀྱང་། བླ་མ་གོང་མ་རྣམས་ཀྱི་ཕྱག་ལེན་གྱི་བརྒྱུད་པ་ཐུན་མོང་མ་ཡིན་པའི་སྐྱབས་སུ་འགྲོ་བ་དང་། སེམས་བསྐྱེད་པ་ཙམ་སྔོན་དུ་མཛད་པས་ཤེས་གསུངས་ནས་འདི་ཉིད་ཀྱི་ཆོ་ག་ཇི་ལྟར་བྱ་བའི་ཚུལ་དང་། ཆོ་ག་དང་རྗེས་སུ་འབྲེལ་བའི་བསླབ་པར་བྱའི་དོན་རྒྱས་པར་བཤད་པ་དང་དངོས་སུ་འགལ་བས་སོ།། །།སྨྲས་པ། ཕྱོགས་ཞེན་དྲི་ལ་ཆགས་པ་ཡིས། །གནས་དོན་པད་ཚལ་མ་བརྙེད་པའི། །འཁོས་མེད་སྦྲང་བུའི་གཤོག་རྒྱང་གིས། །ཉི་ཟླ་སྒྲིབ་པར་བྱེད་དོ་ལོ། །རྒོལ་བ་གཉིས་པ་ནི། རྗེས་བཟུང་གྲངས་ངེས་མེད་པ་དང་། །ཞེས་པའི་རྒྱས་བཤད་དུ། སློབ་མ་བརྒྱ་ཕྲག་མང་པོ་ལ་གྲངས་ངེས་མེད་པར་རྗེས་འཛིན་གྱི་ཆོ་ག་བྱེད་པ་ནི། གསང་བ་སྤྱི་རྒྱུད་ལས། མཁས་པས་སློབ་མ་གཅིག་གམ་གསུམ། །ཞེས་སོགས་ཀྱི་ལུང་དང་འགལ། དབང་གི་ཆུ་བོ་ལས། དཀྱིལ་འཁོར་གཅིག་ཏུ་སློབ་