R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༧ན
[A:༣༧ན]མ་ཉི་ཤུ་རྩ་ལྔ་ལས་ལྷག་པ་གཟུང་བར་མི་བྱ། ཞེས་སོགས་གོང་མའི་གཞུང་དང་འགལ། རྗེས་བཟུང་གྲངས་ངེས་མེད་ན་སྟ་གོན་དང་འགལ་ལ། ཡོད་པའི་ཁས་ལེན་དང་འགལ་ཏེ། སྟ་གོན་གྱི་གྲངས་ངེས་རྗེས་བཟུང་གི་གྲངས་ལ་ལྟོས། དབང་དུས་ཀྱི་གྲངས་ངེས་སྟ་གོན་གྱི་གྲངས་ལ་ལྟོས་པར་སྤྱི་རྒྱུད་ལས་གསུངས་པའི་ཕྱིར་རོ། །ཞེས་སྨྲའོ། །ལན་ལ་གཉིས། རྗེས་འཛིན་གྱི་རྣམ་གཞག་སྤྱིར་བསྟན། །སྐབས་དོན་གྱི་དངོས་ལན་འཕྲོས་དང་བཅས་པའོ། །དང་པོ་ལ་གསུམ་སྟེ། སྤྱི་རྒྱུད་ནས་གསུངས་པའི་རྗེས་འཛིན་བཤད། ལམ་འབྲས་པ་ལུགས་ཀྱི་རྗེས་འཛིན་བཤད། གཉིས་ཀ་ལྟར་ཡང་རྒོལ་བ་ལ་འགལ་བའོ། །དང་པོ་ནི། སྤྱི་རྒྱུད་ལས། སའི་ཆོ་ག་བསྟན་པའི་རྗེས་སུ། ལས་ཀུན་བྱེད་པའི་གསང་སྔགས་ཀྱིས། །དེ་ལས་སློབ་མ་ཡོངས་སུ་བཟུང་། །བུ་མོ་གཞོན་ནུས་བཀལ་བའི་སྐུད། །བླངས་ནས་བཞི་བཅུ་རྩ་དགུར་བཟླས། །སློབ་མ་རྣམས་ནི་བློས་བསམ་ནས། །མཉམ་པར་བཞག་པས་མདུད་པ་བོར། །དེ་ལྟར་སློབ་མ་ཡོངས་བཟུང་ནས། །ལས་ལ་བགེགས་ནི་མེད་པར་འགྱུར། །ཞེས་པས་སློབ་མ་རྗེས་བཟུང་དངོས་བསྟན། སང་ནི་དཀྱིལ་འཁོར་བྲི་བ་ཡི། །ཞེས་སོགས་ཀྱི་སྟ་གོན་གྱི་སྦྱོར་བ་དང་། ལྷ་སྟ་གོན་སོགས་བསྟན། དེ་ནས་སློབ་མ་ལེགས་བརྟགས་ཏེ། །ཞེས་སོགས་ཀྱིས་བླ་མའི་མཚན་ཉིད་དང་། ཀུན་སློང་གི་བསམ་པ་བསྟན། །མཁས་པས་སློབ་མ་གཅིག་གམ་གསུམ། །ཞེས་པ་ནས། སྟ་གོན་གནས་པར་བརྩམས་པར་བྱ། །ཞེས་པའི་བར་གྱིས་སློབ་མའི་གྲངས་དང་། ལུས་ཀྱི་སྤྱོད་ལམ་བསྟན། དང་པོ་གསུམ་ལ་སྐྱབས་