R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༧བ
[A:༣༧བ]སུ་བཏང་། །ཞེས་སོགས་ཀྱིས་སློབ་མ་སྟ་གོན་གྱི་ཆོ་ག་དངོས་བསྟན་པ་ཡིན་ནོ། །གཉིས་པ་ནི། དབང་ཆུ་ལས། དབང་བསྐུར་དོན་དུ་གཉེར་བའི་སློབ་མ་ལ་སྔར་གསང་སྔགས་ལ་ཞུགས་པ་དང་། ཐེག་ཆེན་གྱི་སྒོར་ཞུགས་པ་དང་། ཉན་ཐོས་ལ་སོགས་པའི་ལམ་ལ་ཞུགས་པ་དང་། སངས་རྒྱས་ཀྱི་བསྟན་པ་ལ་མ་ཞུགས་པ་དང་བཞི་ལས། དང་པོ་ལ་གཉིས་དེ་མ་ཐག་རྗེས་བཟུང་བྱར་རུང་བ་དང་། གསུམ་པ་དང་བཞི་པའི་ནང་ཚན་གཞན་དོན་དུ་རྫོགས་བྱང་འདོད་པ་དང་། ངེས་ལེགས་ཙམ་འདོད་པ་རྣམས་ལ་དཔོན་སློབ་འབྲེལ་བརྟགས་ལ་སེམས་བསྐྱེད་དེ་རྗེས་སུ་བཟུང་བར་བཤད་ཅིང་། གང་ཟག་ཐ་མ་སྔོན་མཐོ་ཙམ་དོན་དུ་གཉེར་བ་ཡིན་ན། དེ་མ་ཐག་རྗེས་བཟུང་མི་བྱ་བར་ཐུན་མོང་བའི་ལམ་གྱི་བློ་རིམ་གྱིས་སྦྱངས་ཏེ་སེམས་བསྐྱེད་ལ། བཟོད་རྗེས་བཟུང་གི་མིང་ཅན་གྱི་སློབ་མས་གསོལ་བ་བཏབ་པ་དང་། སློབ་དཔོན་གྱི་ཏིང་ངེ་འཛིན་གྱིས་བསྲུང་བ་དང་། བསྙེན་པའི་སྟབ་ཏུ་གཞུག་པ་རྣམས་བྱ་བར་བཤད་དོ། །གསུམ་པ་ནི། རྒོལ་བ་ཁྱེད་ཀྱི་རྗེས་བཟུང་གི་ལག་ལེན་དེ་བཤད་མ་ཐག་པ་གཉིས་པོ་དེ་གང་གི་ལུགས་ཡིན། དང་པོ་ལྟར་ན་རྒྱུད་དེ་ལས་སློབ་མ་ལ་སྔགས་དང་ཏིང་ངེ་འཛིན་དང་སྲུང་སྐུད་བཏགས་ཏེ་སྲུང་བ་ལ་སོགས་པ་བཤད་པ་ལས། ཁྱོད་ཀྱི་ལག་ལེན་ལ་ཇི་ལྟར་བཤད་པ་དེ་དག་ཚང་བར་བྱེད་པའི་སྲོལ་མེད་པ་དང་། སྐབས་དེར་གྲངས་ངེས་པར་དགོས་པའི་དམིགས་བསལ་ཡང་མེད་པས་མི་འཐད་ལ་ཕྱི་མ་ལྟར་ན་སློབ་མའི་རིགས་བརྟགས་པའི་སྒོ་ནས་སྔར་ཐུན་མོང་བའི་ལམ་གྱི་རྒྱུད་མ་སྦྱངས་ཤིང་། སྦྱངས་དགོས་པའི་གང་ཟག་ཐ་མ་རྣམས་རིམ་ཅན་པའི་