R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༩བ
[A:༣༩བ]ལེན་པ་ལ་གཙོ་བོར་འདོད་དགོས་པར་སམྦུ་ཊིའི་ལུང་དེས་ཤེས་པས་སོ། །གཞན་དུ་ན། ཁྱེད་རང་ལ་སློབ་མ་རེ་རེ་ནས་རྗེས་བཟུང་དང་སྟ་གོན་བྱ་དགོས་པར་འགྱུར་ཏེ། དབང་གི་གཙོ་བོ་རྡོ་རྗེ་སློབ་དཔོན་གྱི་དབང་སློབ་མ་རེ་རེ་ནས་བསྐུར་དགོས་པའང་གང་ཞིག དབང་བསྐུར་གྱི་སློབ་མའི་གྲངས་ངེས་སྟ་གོན་དང་དེའི་གྲངས་ངེས་རྗེས་བཟུང་ལ་ལྟོས་དགོས་པར་ཁས་བླངས་པའི་ཕྱིར་རོ། །སྤྱི་རྒྱུད་ལས་སློབ་མ་གྲངས་ངེས་སུ་བཤད་པ་ནི། དངོས་བསྟན་སློབ་མ་སྟ་གོན་ཉིད་ལ་དགོངས་པར་མངོན་ཏེ་གཞུང་གི་ས་མཚམས་སློབ་མ་སྟ་གོན་གྱི་སྐབས་སུ་འབྱུང་བ་དང་། ཉེར་ལྔ་ལས་ལྷག་པ་ཅིག་ཅར་དུ་བཟུང་ན་ཆོ་ག་ཡོངས་སུ་རྫོགས་པ་མཚན་མོ་གཅིག་ལ་ཚར་མི་ནུས་པར་བཤད་པའི་རིགས་པས་སོ། །རྗེས་འཛིན་ནི་མཚན་མོ་བྱ་དགོས་པའི་དམིགས་བསལ་མེད་ལ། ཡོད་ཀྱང་མཚན་མོ་གཅིག་ལ་མི་ཚར་བའི་དོགས་པ་སྐྱེ་དོན་མེད་པའི་ཕྱིར་རོ། །སྟ་གོན་ལ་ནི་མི་མཚུངས་ཏེ། སློབ་མ་སྟ་གོན་གྱི་ཆོ་གའི་མགོ་ཉི་མའི་འོད་ཟེར་ནུབ་པ་ནས་བརྩམས་ཏེ་མཚན་ཕྱེད་ཚུན་ལ་ཚར་དགོས་པ་ཡིན་ཏེ། དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་དུ། །སང་ནི་རབ་ཏུ་སྐྱེ་བར་འགྱུར། །ཞེས་པའི་ཚིག་བཤད་དུ་ཡོད་དགོས་པ་དང་། རྨི་ལམ་བརྟག་དགོས་པའི་ཕྱིར་རོ། །དེ་ལྟར་བཤད་པ་དེ་དག་གིས་ནི་རྒོལ་བས་རྗེས་འཛིན་ལ་གྲངས་ངེས་ཀྱི་ཚུལ་ཁྱབ་མཐའ་བཟུང་བ་དེ་མི་འཐད་པ་ཉིད་དུ་ལེགས་པར་ཤེས་པ་ཡིན་ལ། ཁོ་བོ་ཅག་གི་རང་ལུགས་ནི། འཕགས་པ་རིན་པོ་ཆེས་རྩ་རྒྱུད་ཀྱི་ཊཱི་ཀར་སྤྱི་རྒྱུད་ཀྱི་དགོངས་པས་གྲངས་ངེས་ཡོད་པ་དང་། རྣམ་སྣང་མངོན་བྱང་གི་དགོངས་པས་གྲངས་ངེས་མེད་པ་གཉིས་ཆར་སློབ་མ་