R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༠ན
[A:༤༠ན]རྗེས་འཛིན་གྱི་སྐབས་ཉིད་དུ་སྙོན་མི་ནུས་པར་བཤད་པས། གཉིས་ཀ་ལྟར་ཡང་མི་འགལ་བ་ཉིད་དུ་འདོད་དོ། །ཁྱོད་ལ་ནི་དེ་ཁས་ལེན་དུ་མི་འདོད་དེ། དབང་བསྐུར་གྱི་གྲངས་ངེས་སྟ་གོན་དང་། སྟ་གོན་གྱི་གྲངས་ངེས་རྗེས་བཟུང་ལ་ངེས་པར་ལྟོས་དགོས་པར་ཁས་བླངས་པས། རྗེ་བཙུན་གོང་མ་ལྔ་དུས་རྟག་ཏུ་འགལ་མེད་དུ་ཁས་ལེན་པའི་དམ་བཅའ་ཡང་གཏིང་ནས་ཉམས་པ་ཡིན་ལ། ཁོ་བོ་ཅག་ནི་ཕྱི་མའི་གྲངས་ངེས་སྔ་མ་ལ་ལྟོས་པར་མི་འདོད་ཅིང་། རྗེས་འཛིན་གྱི་སློབ་མའི་གྲངས་ངེས་རྣམ་སྣང་མངོན་བྱང་དང་མཐུན་པར་ཁས་ལེན་པར་དེའི་ཚེ་ཡང་དབང་བསྐུར་གྱི་སློབ་མའི་གྲངས་ངེས་སྤྱི་རྒྱུད་ནས་བཤད་པ་ལྟར་འདོད་པས་བཤད་མ་ཐག་པའི་རྒྱུད་ཚིག་གཉིས་པོ་མཐའ་གཅིག་ཏུ་འགལ་བ་ཡང་མི་འདོད་དོ། །གཉིས་པ་ནི་རྒོལ་བས། ཆོས་རྗེ་བླ་མས་བཞེད་པ་ཡིན་པར་བྱས་ནས། སྣང་གསུམ་ཁྲིད་ཀྱི་སྔོན་དུ་དབང་བསྐུར་ངེས་པར་བྱེད་དགོས་པ་གྲུབ་པའི་མཐར་བྱས་པ་དེ་ལ་འདི་འདྲི་སྟེ། ཁྱེད་ཀྱི་ཁྲིད་ཚུལ་དེ་སྐལ་ལྡན་ཅིག་ཅར་བའམ། སྐལ་དམན་རིམ་འཇུག་པ་གང་གི་ལམ་རིམ་ཡིན། དང་པོ་ལྟར་ན་གང་ཟག་དེ་ཁྲིད་པའི་ལམ་རིམ་ལ་དབང་དང་རིམ་གཉིས་ཡན་ལག་དང་བཅས་པའི་བར་དུ་སྣང་གསུམ་ཁྲིད་ཀྱི་སློབ་མ་དཀྲི་བ་ངེས་པར་བྱེད་དགོས་པ་མ་ཡིན་ཏེ། དེ་འདྲའི་རིགས་ཅན་གྱི་གང་ཟག་ལ་ཐུན་མོང་བའི་ལམ་གྱི་རྒྱུད་སྦྱངས་མི་དགོས་པར་དང་པོ་ཉིད་ནས་དབང་རིམ་གཉིས་འབྲེལ་པ་ཅན་དུ་བྱས་ཆོག་པ་རྒྱུད་ཀྱི་དགོངས་པ་དང་། དབང་གི་སྔོན་དུ་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་ཙམ་སྣོན་པ་བླ་མ་རྣམས་ཀྱི་ཕྱག་ལེན་ཡིན་པར་རྗེ་བཙུན་གོང་