R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༠བ
[A:༤༠བ]མས་བཤད་པ་ལས། ཁྱེད་ཀྱི་བཤད་པའི་དབང་གི་སྔོན་འགྲོའི་སེམས་བསྐྱེད་བོར་ནས་མ་བཤད་པའི་ཐུན་མོང་གི་ལམ་གྱི་དཀྲི་དགོས་པ་གྲུབ་པའི་མཐར་བྱས་པས་ནོར་བའི་རྣམ་གཞག་ཤིན་ཏུ་ཆེའོ། ཕྱི་མ་ལྟར་ན་གང་ཟག་དེ་ལ་དང་པོ་ཉིད་ནས་དབང་མི་བསྐུར་བར་ལམ་ཐུན་མོང་བ་ནས་རིམ་གྱིས་དཀྲིས་ཏེ། ཕྱིས་སྣོད་རུང་དུ་གྱུར་པ་ན་དབང་གི་སྨིན་པར་བྱ་དགོས་པར་བཤད་ཀྱི། སུ་ཡང་རུང་བའི་གང་ཟག་དེ་ལ་དང་པོ་ཉིད་ནས་ཚམ་ཚོམ་མེད་པར་དབང་བསྐུར་བར་བཤད་པ་མེད་ལ། མ་བཤད་པ་ཙམ་དུ་མ་ཟད་སློབ་དཔོན་རིན་པོ་ཆེའི་དབང་ཆུ་དང་། རྗེ་བཙུན་གྱི་ལྗོན་ཤིང་སོགས་ཚད་ལྡན་གྱི་གཞུང་མཐའ་དག་ལས་ལུང་རིགས་མན་ངག་དུ་མའི་སྒོ་ནས་དེ་ལྟར་བྱེད་པ་བཀག་པས་རྗེ་བཙུན་གོང་མས་བཀག་པ་དེ་ནན་གྱིས་བསྒྲུབ་པ་ནི། དམན་ལ་ཟབ་དང་རྒྱ་ཆེ་དང་། །ཞེས་སོགས་ཀྱི་ཉེས་པ་མཐའ་ཡས་པ་བཤད་པ་དེ་དག་དྭང་དུ་ལེན་པ་ལ་འགྲུས་པ་ཆེར་བྱེད་པ་ཡིན་ནོ། །དེ་ལྟར་བྱ་དགོས་པའང་རྣམ་དཔྱོད་ཀྱི་བློ་གྲོས་མེད་ཀྱང་གྲུབ་མཐའ་འཆའ། ལུང་རིགས་ཀྱི་ལྟ་གནད་མི་ཤེས་ཀྱང་དགག་བསྒྲུབ་བྱེད་པ་ལ་དགའ་བས་ནོངས་པའོ། །འགའ་ཞིག་འདིའི་རྗེས་སྐྱོབས་པར་འདོད་ནས། རྡོ་རྗེའི་ཚིག་རྐང་གི་བླ་མ་དམ་པའི་ཞབས་པད་བཏུད་དེ་ཞེས་པས་སྨིན་བྱེད་ཀྱི་དབང་བསྟན་པ་ཡིན་ཅིང་། གཞུང་བཤད་རྣམས་ལས། སྣང་བ་གསུམ་གྱི་སྐབས་སུ་རྣལ་འབྱོར་པ་ལ་ཐོས་བསམ་དང་བསླབ་པས་རྒྱུད་སྦྱངས་པ་དང་། དབང་གིས་སྦྱངས་པ་ཞེས་བཤད་པས་སྣང་གསུམ་ཁྲིད་ཀྱི་སྔོན་དུ་དབང་ངེས་པར་འགྲོ་དགོས་པ་གྲུབ་པ་ཡིན་ནོ་ཞེས་སྨྲའོ། །དེ་ལྟར་གདན་སོགས་གསུམ་པ་བཞིའི་རྒྱུའི་དབང་ཞེས་པས་རྒྱུ་