R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༡ན
[A:༤༡ན]དབང་བསྟན་པར་གཞུང་བཤད་མཐའ་དག་ནས་འབྱུང་བས་སྣང་གསུམ་ཁྲིད་ཀྱི་ཐོག་མཐའ་གཉིས་ཆར་དུ་དབང་བསྐུར་རེ་རེ་བྱ་དགོས་པར་འགྱུར་རོ། །འོ་ན་ཅི་སྙམ་ན། བླ་མ་དམ་པའི་ཞབས་པད་བཏུད་དེ་ཞེས་པ་ནི་བསྟན་བཅོས་དང་མཐུན་པའི་མཆོད་བརྗོད་ཡིན་པས། དེས་དེ་བསྟན་པར་སེམས་པ་ནི་བློ་གྲོས་ཤིན་ཏུ་ཆུང་བ་ཡིན་ལ། ཉམས་སྣང་གི་རྟེན་རྣལ་འབྱོར་པ་ལ་དབང་གི་སྨིན་པ་སོགས་གཞུང་བཤད་རྣམས་ནས་བཤད་པ་སྐབས་འདིའི་སྣང་གསུམ་ཁྲིད་ཀྱི་སྔོན་དུ་དབང་བསྐུར་འགྲོ་དགོས་པའི་ཤེས་བྱེད་དུ་འདོད་པ་ནི་རྡོ་རྗེའི་ཚིག་རྐང་གི་བཞུགས་ཚུལ་རགས་པ་ཙམ་ཡང་ཐོས་བསམ་གྱི་ཡུལ་དུ་མ་བྱས་པའི་འཆལ་གཏམ་ཁོ་ན་ཡིན་ཏེ། གཞུང་དེའི་བཞུགས་ཚུལ་ལ། སྣང་བ་གསུམ་ལམ་རང་རྐང་ལ་སྦྱར་བ་དང་། ལམ་གྱི་གཞི་བཅའ་ལ་སྦྱར་བ་གཉིས་ལས། དང་པོ་ནི། གཞུང་དེའི་འཁོར་འདས་ཐུན་མོང་བའི་གཞུང་ཚོམ་བུ་བདུན་པོ་རེ་རེས་ཀྱང་འཚང་རྒྱ་བའི་ཆ་རྐྱེན་ལམ་འབྲས་བུ་དང་བཅས་པ་ཡོངས་སུ་རྫོགས་པ་རེ་རེ་སྟོན་པ་ཡིན་ལ། དེའི་ཚེ་སྣང་བ་གསུམ་དུ་བསྟན་པའི་གཞུང་ཉུང་ངུ་དེས་ཀྱང་སྣང་བ་གསུམ་ལམ་རང་རྐང་ལ་སྦྱར་བ་ཞེས་བྱ་བའི་མིང་ཅན་གྱི་ལམ་འབྲས་བུ་དང་བཅས་པའི་གདམ་ངག་ཡོངས་སུ་རྫོགས་པ་ཞིག་སྟོན་དགོས་པས། དེ་ལ་དགོངས་ནས་གཞུང་བཤད་རྣམས་སུ་ཐོས་བསམ་དང་བསླབ་པས་རྒྱུད་སྦྱངས་པ་དང་། དབང་གིས་སྦྱངས་པ་ལ་སོགས་པའི་རྣམ་གཞག་དེ་དག་འབྱུང་བ་ཡིན་ལ། སྣང་བ་གསུམ་ལམ་གྱི་གཞི་བཅའ་ལ་སྦྱར་ཏེ་ཉམས་སུ་ལེན་པའི་སྐབས་འདིར་ནི་འཁོར་འདས་ཐུན་མོང་བའི་གཞུང་ཚོམ་བུ་བདུན་