R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤ན
[A:༤ན]ལྟ་བས་རྒྱས་འདེབས་ཕྱིར། །འཆད་ཚུལ་ཀུན་ཀྱང་འཁྲུགས་པ་མེད། །ངོ་བོ་ཉིད་མེད་སྨྲ་བ་ཡི། །འཁོར་འདས་དབྱེར་མེད་འདི་མི་མཁོ། །ནམ་མཁའ་ལྟ་བུ་མེད་དགག་ཏུ། །རོ་གཅིག་པ་ཉིད་དེར་བཤད་ཕྱིར། །མེད་མི་རུང་བ་མ་ཡིན་པའི། །སེམས་བསྐྱེད་སྡོམ་པ་སོགས་འཆད་པས། །དཀྲུགས་ན་སྔགས་ཀྱི་སྡོམ་པའི་རྟེན། །སེམས་བསྐྱེད་སྡོམ་པ་དགོས་མིན་ནམ། །ས་པཎ་གྱིས་མཛད་དེ་མི་དགོས། །ཤེ་ན་དབང་གི་ཆུ་བོ་ཡང་། །རྗེ་བཙུན་རྩེ་མོ་མན་ཆད་ཀྱི། །མཛད་པ་དགོས་དེ་ཅི་ཡི་ཕྱིར། །ཕྱི་ཡི་བསྐྱེད་རིམ་གོམས་རྗེས་སུ། །ནང་གི་བསྐྱེད་རིམ་འཆད་པ་ཡི། །ཐོག་མར་ལམ་དུས་དབང་བསྐུར་བ། །འདི་ཡང་དཀྲུགས་པ་ཡིན་ཞེས་ཟེར། །རྗེ་བཙུན་ཆེན་པོའི་གསུང་ལས་ནི། །འབྲས་བུ་རྡོ་རྗེ་འཛིན་པ་ཡི། །ལུས་ལ་ཡེ་ཤེས་པ་བཅུག་ནས། །ལུས་དཀྱིལ་བསྒོམ་པ་མན་ངག་ཡིན། །ཞེས་གསུངས་པ་སོགས་ཤེས་བྱོས་ལ། །གསུང་ངག་རིན་ཆེན་འཆད་པ་དང་། །ཉན་དང་གོམ་པ་ཡོད་ཙམ་མཆོག །ཡིན་ཕྱིར་ཕྱོགས་སུ་གཏོང་མི་འཚལ། །ཞེས་པ་འདི་ཡང་བྲག་དཀར་བ། །སེམས་དཔའ་ཆེན་པོའི་ཞལ་གྱི་ངོར། །སྦྱར་བས་ཕྱོགས་འཛིན་ཞི་གྱུར་ཅིག །ཅེས་འདིའང་འབྲི་བོ་ཆོས་རྒྱལ་ལོ། མངྒཾ་ལཾ། ཞེས་པ་དེ་རྣམས་ཀྱིས་མཁས་པ་སྔ་རབས་པའི་དོགས་སྤོང་བཤད་པ་བསྟན་ཟིན་ནས། གཉིས་པ་ཕྱིས་ཀྱི་མཁས་པའི་ལེགས་བཤད་ལས་འབྱུང་ཚུལ་བཤད་པ་ལ། དྲི་བའི་གསུང་བཀོད་པ། དེའི་ལན་བཤད་པ། ཡིན་ལུགས་འཐད་ལྡན་གྱི་ལེགས་བཤད་བཀོད་པ་དང་གསུམ། དང་པོ་ནི་ས་སྐྱ་པའི་བསྟན་འཛིན་རྫོང་ལུགས་ཀྱི་བརྒྱུད་འཛིན་རྣམས་ཀྱི་