R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤བ
[A:༤བ]གསུང་ངག་འཆད་པའི་སྣང་གསུམ་གྱི་སྔོན་དུ་རྒྱུ་དུས་ཀྱི་དབང་ངེས་པར་བསྐུར་དགོས་སོ་ཞེས་སྨྲ་བ་ལ། ངོར་ཕྱོགས་ཀྱི་བསྟན་འཛིན་གྱི་གཙུག་རྒྱན་ཨེ་ཝྃ་ཆོས་ལྡན་གྱི་གདན་ས་བཅུ་པ་མཁས་པའི་དབང་པོ་དཀོན་མཆོག་ལྷུན་གྲུབ་ཀྱི་དྲི་བ་མཛད་པ་ལས་འདི་ལྟར། ༈ པྲ་སྟི། ཟབ་དོན་མདོ་དང་རྒྱུད་མཐུན་པར། །འཆད་པའི་རྗེ་བཙུན་ས་སྐྱ་པ། །ཡབ་སྲས་རྣམས་ལ་ཕྱག་བྱས་ནས། །སྣང་གསུམ་སྔོན་དུ་དབང་བསྐུར་བ། །ངེས་པར་དགོས་ཞེས་ཁས་ལེན་པའི། །ལམ་འབྲས་པ་ལ་འདི་སྐད་དྲི། །ལམ་དེའི་གོ་རིམ་རྒྱུད་གཞུང་ནས། །བཤད་པའི་སྐལ་དམན་རིམ་འཇུག་དང་། །སྐལ་བར་ལྡན་པ་གཅིག་ཆར་བའི། །ལམ་རིམ་གཉིས་པོ་གང་ཡིན་དྲི། །དང་པོ་ལྟར་ན་ཁྲིད་ཚུལ་དེའི། །སྔོན་འགྲོ་འཁོར་བའི་ཉེས་དམིགས་དང་། །དལ་འབྱོར་རྙེད་དཀའ་བྱམས་སྙིང་རྗེ། །བྱང་ཆུབ་སེམས་བསྐྱེད་ལ་སོགས་པ། །ཚད་ལྡན་གོང་མས་བཤད་ཀུན་ཆད། །ཆད་པ་མིན་ན་གོ་རིམ་ནོར། །ངེས་པར་འབྱུང་བའི་བློ་ཙམ་ཡང་། །མ་སྐྱེས་པ་དེ་སྔགས་ལམ་དུ། །ཅི་དགར་འཇུག་པ་རྒྱུད་ལས་བཀག །ཕྱི་མ་ལྟར་ན་སྣང་བ་གསུམ། །ངེས་པར་ཅན་དུ་སྟོན་པ་ལྷག །ལྷག་པ་མིན་ན་རྣམ་གཞག་འཆོལ། །ཐུན་མོང་ལམ་གྱི་སྔོན་འགྲོ་རུ། །དབང་བསྐུར་ངེས་པར་དགོས་པ་མཚར། །སྣང་གསུམ་ཐུན་མོང་ལམ་མིན་ན། །སྔགས་ལམ་ཁོ་ནར་འདོད་ནུས་སམ། །ནུས་ན་མདོ་རྒྱུད་ཐམས་ཅད་ཀྱི། །སྙིང་པོ་བསྡུས་པ་ཡིན་ནོ་ཞེས། །སྨྲ་བ་ནེ་ཙོའི་འདོན་པ་སྟེ། །མདོ་སྡེའི་སྙིང་པོ་གང་ལ་བྱེད། །སྔགས་ལམ་ཡིན་ན་སྨིན་གྲོལ་ལས། །གཞན་མེད་སྨིན་བྱེད་ཡིན་ནམ་ཅི། །གྲོལ་ལམ་ཡིན་ན་ལྟ་བ་ཡིས། །