R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༡བ
[A:༤༡བ]དང་། འཁོར་ལོ་འཆམ་པ་འཇིག་རྟེན་པའི་ལམ་གྱི་གཞུང་ཚོམ་བུ་བདུན་སྟེ་བཅུ་བཞི་པོ་ཐམས་ཅད་ཀྱང་གང་ཟག་གཅིག་གི་ཉམས་སུ་བླང་བྱའི་ལམ་འབྲས་བུ་དང་བཅས་པའི་གདམ་ངག་ཡོངས་རྫོགས་གཅིག་སྟོན་པ་ལ་དགོངས་ནས། རྗེ་ས་ཆེན་གྱིས། སྣང་བ་གསུམ་གྱིས་ལམ་གྱི་གཞི་བཅས་ཏེ། །ཉམས་བླང་མ་ལུས་རྒྱུད་གསུམ་དག་གིས་ཤེས། །ཞེས་སོགས་གསུངས་པ་ཡིན་ལ། དེའི་ཚེ་སྣང་བ་གསུམ་པོ་ལམ་གྱི་གཞི་བཅའ་ལ་སྦྱར་བའི་ལམ་ནི། ཉམས་སུ་བླང་བྱ་རྒྱུད་གསུམ་པོ་ཉིད་ལ་འཇོག་ཅིང་། དེ་ཡང་བསྡུ་ན། ལམ་སྨིན་གྲོལ་གཉིས་སུ་འདུ་ལ། དེའི་སྔོན་དུ་ལམ་གྱི་གཞི་གདན་གྱི་ཚུལ་དུ་སྣང་བ་གསུམ་གྱི་ལམ་གྱི་དཀྲི་དགོས་པ་ཡིན་པར་དྲངས་མ་ཐག་པའི་ཨ་སེང་མའི་ལུང་དེས་ཤེས་པ་ཡིན་ནོ། །དེ་ལ་དགོངས་ནས་རྗེ་བཙུན་གྱིས་གཞུང་ཇི་ལྟ་བ་བཞིན་དུ་དཀྲི་བའི་ཁྲིད་ཡིག་གཉིས་ཆར་ལས་སྣང་བ་གསུམ་ལམ་གྱི་གཞི་བཅའ་ལ་སྦྱར་བའི་ཚུལ་དེ་ཉིད་བཤད་པ་ཡིན་ལ། ཁྲིད་ཚུལ་དེ་ལྟར་ཉམས་སུ་བླངས་པས་ཉམས་མྱོང་ཚད་མ་རྒྱུད་ལ་སྐྱེས་པའི་གང་ཟག་དེའི་མྱོང་བ་དེ་དག་གྲུབ་ཆེན་གྱི་གཞུང་གི་དགོངས་པར་བསྒྲུབ་པའི་ཕྱིར། ཕྱིས་རྡོ་རྗེའི་ཚིག་རྐང་ལས་ཇི་སྐད་བསྟན་པ་དེ་དག་གཞུང་བཤད་དང་མཐུན་པར་སློབ་དཔོན་གྱིས་བཤད་ཅིང་། སློབ་མས་ཐོས་བསམ་གྱི་སྒྲོ་འདོགས་ཆོད་པར་བྱ་དགོས་པའི་དོན་དུ་བཤད་པ་ཡིན་པས། སྐབས་དོན་གྱི་སྙིང་པོ་ལོངས་པར་བྱས་ནས་སྨྲ་དགོས་ཀྱི་ཚིག་ཙམ་ལ་བརྟེན་ནས་རི་བོང་གི་ཅལ་བྱེད་པ་དག་ནི་ངལ་བ་འབྲས་བུ་མེད་པའི་ལས་ཅན་ནོ། །ཅུང་ཟད་སྤྲོས་པའོ། །དཀྱུས་མ་ཉིད་བཤད་པར་བྱ་སྟེ། དེ་ལྟར་ན་ཁྱོད་དག་ཆོས་རྗེ་བླ་མའི་