R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༢ན
[A:༤༢ན]ཁྲིད་ཡིག་དེའི་དངོས་བསྟན་ཇི་ལྟར་འཆད་ཅེ་ན། ཁོ་བོ་ཅག་ནི་དངོས་བསྟན་དེ་ཁྱབ་མཐར་བཟུང་ནས་མི་འཆད་ལ། འཕགས་པའི་ཡུལ་ལྟ་བུ་ན་ཐེག་པ་ཆེ་ཆུང་དང་། རྒྱུད་སྡེ་བཞིའི་གདུལ་བྱ་རིགས་སོ་སོར་ངེས་པ་ཡོད་ཀྱང་། བོད་ན་ཐེག་དམན་གྱི་གང་ཟག་དངོས་སུ་མེད་པས་ལམ་ཞུགས་ལ་ཐེག་ཆེན་པས་ཁྱབ་ལ། དིང་སང་དུས་དབང་བསྐུར་བ་ཤིན་ཏུ་དར་ཆེ་བས། ལམ་འབྲས་ཞུ་བ་པོ་ཕལ་ཆེར་དེ་གཉིས་གང་རུང་ལ་སྔར་ཞུགས་ཟིན་པ་ཤས་ཆེ་བས། དང་པོར་དབང་བསྐུར་བ་བྱས་ཀྱང་ཉེས་པ་ཆེར་མེད་པ་ལ་དགོངས་ནས་དེ་ལྟར་བཤད་པ་ཡིན་ལ། དེ་འདྲ་བའི་གང་ཟག་ལ་སྣང་བ་གསུམ་གྱི་ལམ་མ་བསྟན་ཡང་རུང་མོད། དིང་སང་གི་ཁྲིད་ཚུལ་ནི་ལམ་འབྲས་གཞུང་ཇི་ལྟ་བ་བཞིན་དཀྲི་བའི་ལམ་རིམ་ཡིན་པས་དེའི་ཁྲིད་ཀྱི་ཁ་ཚང་བའི་ཕྱིར་དང་། གང་ཟག་དེས་སྣང་བ་གསུམ་གྱི་ལམ་ཉམས་སུ་བླངས་ཀྱང་སྐྱོན་མེད་པ་ཙམ་ལ་དགོངས་པ་ཡིན་པར་འཆད་པས། ཁྱེད་དང་འཆད་ཚུལ་འདྲ་བ་མིན་ནོ། །དེས་ན་འདི་ལྟར་འཆད་ཤེས་པ་དེའི་ཚེ་དཀའ་བའི་གནས་སུ་སེམས་པ་ཐམས་ཅད་རང་གྲོལ་ལ་འགྲོ་བ་ཡིན་གྱི། བླུན་པོ་རྣམས་ཀྱི་ཁ་འཛིན་གྱི་ཆོས་ཀྱི་སྤྱན་དང་ལྡན་པ་རྣམས་ལ་འཕྱར་ཁའི་རྒྱུར་འགྱུར་བས་སྨྲ་བ་མང་པོ་སྐྱུང་ན་མཛེས་པ་ཡིན་ནོ།། །།སྨྲས་པ། སྟོབས་ལྡན་རྨོངས་པས་དྲེགས་པ་ཡིས། །ཁྱབ་འཇུག་བརྙས་པའི་ལེ་ལེན་གྱིས། །ས་གསུམ་ཤོར་ནས་རང་ཉིད་ཀྱང་། །དམ་དུ་བཅིང་བ་ཐོབ་པར་འགྱུར། །རྒོལ་བ་གསུམ་པ་ནི། སྟ་གོན་འབྲེལ་པ་མེད་པ་དང་། ཞེས་པའི་རྒྱས་བཤད་དུ་སློབ་མ་སྨིན་བྱེད་རྡུལ་ཚོན་གྱི་དཀྱིལ་འཁོར་གཅིག་ཏུ་ཐོག་