R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༢བ
[A:༤༢བ]མའི་དབང་བསྐུར་ཚར་གཅིག་པོ་དེ་རིགས་མོད། དེའི་རྗེས་སུ་དཀྱིལ་འཁོར་གཅིག་དེ་ཉིད་ཀྱི་སྟེང་ནས་ཉིན་རེ་བཞིན་སྟ་གོན་སྔ་མའི་དངོས་གཞི་རེ་དང་། དངོས་གཞི་རྟིང་མའི་སྟ་གོན་རེ་སྤེལ་ནས་ཞུ་མཁན་མ་རྫོགས་ཀྱི་བར་དུ་བྱེད་དོ། །འདི་ཤིན་ཏུ་མི་རིགས་པའི་རྒྱུ་མཚན། སྨིན་བྱེད་རྡུལ་ཚོན་གྱི་དཀྱིལ་འཁོར་གཅིག་ཏུ་དབང་བསྐུར་ཚར་གཅིག་ལས་ལྷག་པ་བསྐུར་དུ་མི་རུང་སྟེ། དཀྱིལ་འཁོར་དེ་ལ་སྟ་གོན་གཅིག་ལས་མེད་པའི་ཕྱིར་ཞེས་ས་སྐྱ་པའི་སྲོལ་འཛིན་གཞན་ཐམས་ཅད་འཆད་ལ། ཁྱེད་ཀྱི་དེ་ལྟ་བུ་ལ་གོང་མའི་ལུང་ཡོད་ན་སྟོན་ཅིག གལ་ཏེ་སྟ་གོན་གསུམ་པོ་དེ་སྔར་བྱས་པས་ཆོག་ཅེ་ན། འོ་ན་སྒྲུབ་མཆོད་སོགས་ཀྱང་སྔར་བྱས་པ་དེ་ཉིད་ཀྱི་གནས་པས་ཉི་མ་གཞན་ལ་བྱེད་ཅི་དགོས། གལ་ཏེ་སྟ་གོན་སྔ་མ་རྣམས་བསྐྱར་ནས་བྱེད་དགོས་སོ་ཞེ་ན། དཀྱིལ་འཁོར་བསྒྲུབ་ཟིན་ནས་དེའི་ལྷ་སྟ་གོན་ཇི་ལྟར་བྱེད་ཅེས་དང་། གཞན་ཡང་འབྲེལ་མེད་ཀྱི་རྩོད་པ་ཁ་ཅིག་བཀོད་ནས། དེའི་ཤུགས་ལ་བསྒྲུབ་མཆོད་རྟིང་མ་རྣམས་ཀྱི་ཚེ་ལྷ་སྟ་གོན་བྱེད་ཐུབ་པ་ཞིག་ཡོད་ན་སྟ་གོན་འབྲེལ་པ་མེད་པ་དང་། ཞེས་པའི་རྒོལ་བ་དེ་བཟློག་ཐུབ་པར་ཁས་ལེན་ནོ། །ལན་ལ་གཉིས་ཏེ། མགོ་མཚུངས་ཀྱི་ལན་དང་། བརྒལ་བའི་ལན་ནོ། །དང་པོ་ནི། འོ་ན་སྨིན་བྱེད་ཀྱི་དབང་ཚར་རེ་ལ་གཞི་བསྙེན་དང་ས་ཆོག་སོགས་ཞལ་དང་འདྲ་བའི་ཆོ་གའི་གཞི་བརྒྱད་པོ་མཐའ་དག་ཚར་རེ་བྱ་དགོས་པར་འགྱུར་ཏེ། སྨིན་བྱེད་ཚར་རེ་ལ་སྟ་གོན་ཚར་རེ་བྱ་དགོས་པ་གང་ཞིག བརྒྱད་པོ་དེ་སྨིན་བྱེད་ལ་དགོས་པའི་ཆོ་ག་ཡིན་པར་མཚུངས་པའི་ཕྱིར། མི་མཚུངས་ཏེ། བསྙེན་པ་ཁ་གསོ་བ་ཙམ་དང་། དཀྱིལ་འཁོར་གྱི་ཁང་པ་རྙིང་པར་