R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༤བ
[A:༤༤བ]དེར་དཀྱིལ་འཁོར་བཞེངས་དུ་རུང་བའི་ཕྱིར་དང་། སློབ་མའི་ཆེད་དུ་དཀྱིལ་འཁོར་བྲིས་ཏེ་གཞན་དོན་བྱ་བའི་གནང་བ་ཞུ་བ་དང་བྱིན་གྱིས་རློབས་པའི་ཆེད་ཡིན་ལ། དེ་ཙམ་གྱི་སྐབས་དོན་སྟ་གོན་གཅིག་པུ་དེས་གྲུབ་ཟིན་པའི་ཕྱིར་དང་། བུམ་པ་སྟ་གོན་དང་། སློབ་མ་སྟ་གོན་ཡང་ཇི་ཙམ་སྐབས་སུ་བབས་པ་དེའི་ཚེ་བྱས་པས་དབང་བསྐུར་ཞུ་བ་པོའི་སློབ་མ་ཇི་སྙེད་པ་དེ་དག་ལ་དབང་གི་མངོན་པར་རྟོགས་པ་བརྒྱད་ཆར་ཚང་བས་སྨིན་བྱེད་དུ་མི་རུང་བའི་དོགས་པ་སྐྱེ་དོན་མེད་ལ། དཀྱིལ་འཁོར་གཅིག་ཏུ་སྨིན་བྱེད་ཀྱི་དབང་གཅིག་ལས་མི་རུང་ཞེས་སྨྲ་བའི་ས་སྐྱ་པའི་སྲོལ་འཛིན་དེ་སུ་ཞིག་ཅེས་དྲིས་ན་ཚད་ལྡན་གྱི་ཁུང་ཡོད་པ་མིན་ལ། དད་པའི་རྗེས་སུ་འབྲངས་བ་འགའ་ཟུང་ཡོད་སྲིད་ཀྱང་དེ་འདྲ་སྨྲ་བ་པོ་ཁྱོད་རང་དང་བཅས་པ་ཐམས་ཅད་སྨིན་བྱེད་ཀྱི་དབང་གཅིག་ལས་མེད་པར་བཤད་པས་མགོ་རྨོངས་ནས་གང་ཟག་གཅིག་ལ་སྨིན་བྱེད་གཅིག་ལ་སྨིན་བྱེད་གཅིག་ལས་མེད་པར་བཤད་པ་དེ་དཀྱིལ་འཁོར་གཅིག་ཏུ་སྨིན་བྱེད་ཚར་གཅིག་ལས་མི་རུང་བར་གོ་འདུག་པའི་ཕྱིར་ཆེས་བླུན་པ་ཡིན་ནོ། །རྣམ་པར་སྤྲོས་པས་ཆོག་གོ །གསུམ་པ་ནི། ཁྱོད་ཀྱི་གྲུབ་མཐའ་དེ་ལྟར་ན་རྡུལ་ཚོན་གྱི་དཀྱིལ་འཁོར་གཅིག་ཏུ་སྨིན་བྱེད་ཀྱི་དབང་གཅིག་ལས་མི་རུང་བ་མ་ཟད། སྨིན་བྱེད་མ་ཡིན་པའི་དབང་དང་། སྒྲུབ་མཆོད་ཀྱང་ཉིན་ཞག་དུ་མ་སྦྲེལ་ནས་བྱར་མི་རུང་བར་འགྱུར་ཏེ། སྒྲུབ་མཆོད་ཕྱི་མ་རྣམས་ལ་སྟ་གོན་གྱི་འབྲེལ་པ་མེད་པའི་ཕྱིར་རོ། །གལ་ཏེ་སྙིང་ཕོད་བསྐྱེད་ནས་དེ་ཡང་འདོད་དོ་ཞེ་ན། དྲངས་མ་ཐག་པའི་གཞན་ཕན་བདུད་རྩིའི་ལུང་དེ་དྲན་པ་བྱོས་ལ་མང་དུ་མ་སྨྲ་ཤིག གཞན་ཡང་དིང་སང་གི་རྡོ་རྗེ་སློབ་དཔོན་