R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༦བ
[A:༤༦བ]འཇུག་པ་སོགས་རྒྱུད་སྡེ་ལས་ཇི་སྐད་བཤད་པ་ཐམས་ཅད་ཁྱེད་ཀྱི་ལག་ལེན་དུ་ཁེལ་བ་ཡོད་དམ། ཡོད་ན་ཁོ་བོས་རྗེས་སུ་ཡི་རང་བ་བྱ་ཡི། ཁྱེད་རང་དག་ཡིད་ཆེས་པར་གྱིས་ཤིག མེད་ན་དེ་དག་བྱ་དགོས་པར་བཤད་པའི་རྒྱུད་གཞུང་ཐམས་ཅད་འགལ་བས་བཤད་པ་མཐའ་དག་ནན་གྱིས་འདོར་བར་མ་བྱེད་ཅིག གཉིས་པ་ནི། སྤྱིར་དབང་བསྐུར་གྱི་ཚུལ་ལ་རིམ་གྱིས་པ་དང་། ཅིག་ཅར་བ་གཉིས་ལས། དང་པོ་ནི། གང་ཟག་ཐ་མ་གཙོ་བོར་བཟུང་བ་དང་། ལག་ལེན་སྤྲོས་པ་ཆེ་བའི་སྐབས་ཡིན་པས། དེའི་ཚེ་དབང་སྟེགས་དངོས་སུ་བྲིས་ནས་དེར་སློབ་མ་རེ་རེ་ནས་བསྐུར་བའི་རྣམ་གཞག་དེ་གཙོ་བོར་གསུངས་པ་ཡིན་ཞིང་། ཕྱི་མ་དེ་ལའང་དབང་སྟེགས་དངོས་སུ་ཡོད་མེད་ཀྱི་བྱེ་བྲག་གིས་སློབ་དཔོན་གྱི་དབང་བསྐུར་ཚུལ་གཉིས་ཀ་མཛད་ཅིང་ཕྱག་ལེན་དེ་གཉིས་ཀ་ཁོ་བོ་ཅག་ལའང་ཡོད་མོད། ཕྱི་མ་གཙོ་བོར་མཛད་པ་ནི་དགག་དགོས་ཀྱི་དབང་གིས་ཡིན་ཏེ། སློབ་མ་འགའ་ཞིག་ལ་སློབ་དཔོན་གྱི་དབང་མ་བསྐུར་ན་ཁོང་ཁྲོ་བ་སོགས་དགག་བྱ་ཆེས་ཆེ་བ་དུ་མ་འབྱུང་བ་དང་། དགོས་པ་སློབ་མ་ཐམས་ཅད་ཀྱང་སྔགས་ཀྱི་ལམ་མཐའ་དག་ལ་ཐོས་བསམ་བསྒོམ་བསྒྲུབ་བྱེད་པ་ལ་དབང་བ་དང་། དད་པས་རྗེས་སུ་འབྲངས་བའི་དགའ་སྤྲོ་ཁྱད་པར་ཅན་མང་བའི་ཕྱིར་རོ། །དེ་ཙམ་གྱིས་དགག་དགོས་ཅིག་ཤོས་ལའང་རྩིར་རུང་མོད། རྡོ་རྗེ་སློབ་དཔོན་འཕྲིན་ལས་ཆུང་ངུ་ལ་སློབ་མ་ཉུང་ཤས་ལས་མེད་པ་དག་གིས་དེ་ལྟར་བྱ་ནུས་ཀྱང་། འཕྲིན་ལས་རླབས་པོ་ཆེ་དག་ལ་དགོས་པའི་ཁྱད་པར་གཞན་དུ་མ་ཞིག་འབྱུང་ངོ་། །དེ་ལྟར་ནའང་དབང་ཆུའི་དངོས་བསྟན་དང་མ་མཐུན་ནོ་སྙམ་དུ་སེམས་དགོས་པ་མ་