R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༧ན
[A:༤༧ན]ཡིན་ཏེ། དངོས་བསྟན་དེ་ནི་དབང་རིམ་ཅན་པའི་དབང་དུ་བྱས་ནས་གསུངས་པའི་ཕྱིར་རོ། །གསུམ་པ་ལ་གཉིས་ཏེ། རྒོལ་བའི་ལག་ལེན་དེ་ལུང་དང་མི་མཐུན་པ་དང་། རིགས་པ་དང་འགལ་བའོ། །དང་པོ་ནི། ཁྱེད་ཀྱིས་ཁོ་བོ་ཅག་གི་ལག་ལེན་དེ་དབང་ཆུའི་དངོས་བསྟན་དང་མ་མཐུན་པར་ཤེས་ནས་སློབ་དཔོན་གྱི་དབང་རེ་རེ་ནས་བསྐུར་བ་གྲུབ་མཐའ་དང་ལག་ལེན་ལ་བྱེད་པ་ངོ་མཚར་ཆེ་མོད། དབང་ཆུ་གཉིས་ཀྱི་དངོས་བསྟན་གྱི་བཤད་ཚུལ་དེ་ལྟར་བྱེད་པ་དེའི་ཚེ། བཀའ་སྲོལ་འདི་ཉིད་ཀྱི་ལུགས་ལ་དབང་གོང་མ་གསུམ་ཡང་སློབ་མ་རེ་རེ་ནས་བསྐུར་དགོས་ཀྱི། དུས་ཅིག་ཅར་དུ་བསྐུར་བར་བྱ་བ་མ་ཡིན་ཏེ། སློབ་དཔོན་རིན་པོ་ཆེའི་འགྲེལ་པ་ལུགས་ཀྱི་དཀྱིལ་ཆོག་ལས། སློབ་མ་རེ་རེ་ལ་དབང་བཞི་ཅིག་ཅར་རམ། རིམ་ཅན་དུ་བསྐུར་བར་བྱ་བ་ཡིན་པས་སོ་ཞེས་དང་། མན་ངག་གི་ལུགས་ཀྱི་དབང་ཆུ་ལས། དེ་ལ་རབ་མཚན་གཅིག་དབང་བཞི་པོ་འདི་རྫོགས་པར་བསྐུར་ན་དབང་གི་མཐའ་རྟེན་ཡང་ཐ་དད་དུ་བྱེད་དོ། །དེ་ཡང་བུམ་དབང་གི་མཐའ་རྟེན་རྗེས་གནང་། གསང་དབང་གི་ལུང་བསྟན། ཤེས་རབ་ཡེ་ཤེས་ཀྱི་དབུགས་དབྱུང་། དབང་བཞི་པའི་མཐའ་རྟེན་གཟེངས་བསྟོད་དོ། །དེ་དག་ཀྱང་སློབ་མ་རེ་རེ་ནས་རྫོགས་པར་བསྐུར་བའི་ལུགས་ཡིན་ནོ་ཞེས་བཤད་པའི་ཕྱིར་རོ། །མདོར་ན་བཀའ་སྲོལ་འདི་གཉིས་ཀྱི་ལུགས་ལ་རྡོ་རྗེ་སློབ་དཔོན་གྱི་དབང་ཞེས་པ་དབང་གོང་མ་གསུམ་དམ་ཚིག་གསུམ་སྦྱིན་པ་དང་བཅས་པ་སྟེ་བཞི་ཆར་ལ་ངོས་འཛིན་དགོས་པ་ཡིན་ཏེ། ལྗོན་ཤིང་ལས། རྡོ་རྗེ་སློབ་དཔོན་གྱི་དབང་རྫོགས་པར་ཐོབ་པའི་གང་ཟག་དེས་མཆོག་