R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༩བ
[A:༤༩བ]ལས། བརྟུལ་ཞུགས་ཀྱི་ཚེ་རྡོ་རྗེ་མི་དམིགས་ཏེ་སྟོང་པའི་ངང་ལས་ཧཱུྃ་ཡོངས་སུ་གྱུར་པ་ལས་རྡོ་རྗེར་བསྐྱེད་ལ། དེ་ལ་དེ་བཞིན་གཤེགས་པ་ལྔ་དང་། ཡུམ་ལྔ་དང་། སེམས་དཔའ་བརྒྱད་ལྷ་མོ་ལ་སོགས་པ་རྡོ་རྗེའི་དེ་ཁོ་ན་ལྟར་ཡོངས་སུ་རྫོགས་པར་མོས་པ་བསྐྱེད་ལ་ཞེས་དང་། དེ་ལ་དམ་ཚིག་གསུམ་བྱིན་པ་ནི་རྡོ་རྗེ་ལག་ཏུ་བླང་ལ། ཧཱུྃ་ལས་རྡོ་རྗེའི་དེ་ཁོ་ན་ཉིད་རྫོགས་པར་དྲན་པས་ལྷའི་རྣམ་པར་མོས་པ་བསྐྱེད་ལ་ཞེས་དང་། དྲིལ་བུ་བླངས་ལ། ཨའི་ཡི་གེ་ལས་དྲིལ་བུའི་དེ་ཁོ་ན་ཉིད་རྫོགས་པར་དྲན་པས་དྲིལ་བུར་བསྐྱེད་ལ་ཞེས་འབྱུང་གིས། ཡན་ལག་བཞི་རྫོགས་དངོས་སུ་བྱ་དགོས་པར་མ་གསུངས་པས་མཐོང་ཐོས་ཐམས་ཅད་བསྲེ་བ་ལ་བརྩོན་པར་མི་བྱའོ། །གལ་ཏེ་དེ་ཁོ་ན་ཉིད་རྫོགས་པར་དྲན་པས་ཞེས་པ་དེས་ཡོངས་དག་བཞི་དངོས་སུ་བྱ་དགོས་པར་བསྟན་ཏོ་སྙམ་ན། ཨེ་མ་ཧོཿ དོགས་པ་དེ་ནི་ལྷ་རྣམས་དགའ་བར་བྱེད་པ་དག་ལ་སྐྱེ་བར་འོས་པའི་དོགས་པ་སྟེ། རྡོར་དྲིལ་གྱི་ཡོངས་དག་བཞི་རྡོ་དྲིལ་གྱི་དེ་ཁོ་ན་ཉིད་ལ་འཆད་པའི་དཔྱོད་ལྡན་སུ་ཞིག་འབྱུང་ལེགས་པར་སོམས་ཤིག གཉིས་པ་ནི། ཁྱོད་ཀྱིས་བརྟུལ་ཞུགས་དང་སློབ་དཔོན་གྱི་དབང་གི་རྡོར་དྲིལ་ལ་ཡོངས་དག་བཞི་ཇི་ལྟར་བྱེད་ཁྱེད་རང་གི་བླ་མ་ཀུན་རྒྱལ་བས་མཛད་པའི་ཀྱཻ་རྡོར་གྱི་དཀྱིལ་ཆོག་ནས་འབྱུང་བ་དེའམ། རྗེ་བཙུན་གྱིས་མཛད་པར་གྲགས་པའི་རྡོར་དྲིལ་གྱི་དེ་ཁོ་ན་ཉིད་ཀྱི་ཡི་གེ་གཅིག་ཡོད་པས་དེ་གཉིས་གང་གི་ལུགས་ཡིན། དང་པོ་ལྟར་ན་བཀའ་སྲོལ་གཉིས་ཆར་ལ་དེ་བྱར་མི་རུང་སྟེ། སློབ་དཔོན་རིན་པོ་ཆེའི་དབང་ཆུ་གཉིས་ཆར་དང་དངོས་སུ་འགལ་བས་སོ། །ཇི་ལྟར་འགལ་ན། དབང་ཆུ་ལས་