R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༠ན
[A:༥༠ན]བརྟུལ་ཞུགས་དང་སློབ་དཔོན་གྱི་ཚེ་རྡོ་རྗེ་ལ་རིགས་ལྔ་སོགས་བསྐྱེད་པར་བཤད་པ་ལ། ཁྱེད་ཀྱི་དཀྱིལ་ཆོག་དེར་རྡོ་རྗེ་དྲིལ་བུ་གཉིས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དུ་བསྐྱེད་ནས། དེ་ཞུ་བ་ལས་བྱུང་བའི་རྡོ་རྗེ་དེ་ཉིད་སློབ་མ་ལ་སྟེར་བ་སོགས་བཤད་པས་ཡོད་པའི་སྒོ་བོར་ནས། མེད་པའི་སྲང་འཆག་པའི་རྣམ་གཞག་དུ་མ་ཞིག་བཤད་སྣང་བའི་ཕྱིར་རོ། །གལ་ཏེ་འགྲེལ་པ་ལུགས་ཀྱི་དབང་ཆུ་ལས་ས་ཆོག་གི་སྐབས་ལ་ཁ་འཕངས་དེ་བཞིན་ནོ་སྙམ་པ་དེ་ཡིན་མོད། ཁྱེད་ཀྱི་བླ་མས་མཛད་པའི་དཀྱིལ་ཆོག་གི་ཆོ་ག་དེའི་སྐབས་ནས་རྡོ་རྗེ་འོད་དཔག་མེད་དང་། དྲིལ་བུ་དོན་ཡོད་གྲུབ་པར་བསྐྱེད་པ་བཤད་པས། དེ་འདིར་ཡང་ལེན་པར་འདོད་ན་ནི་སྔར་འོད་དཔག་མེད་རྡོ་རྗེའི་དབང་དང་། དོན་ཡོད་གྲུབ་པ་དྲིལ་བུའི་དབང་གི་དུས་སུ་བསྐྱེད་ཟིན་པའི་རྡོ་དྲིལ་དེས་བསྒྲུབ་བྱ་དེ་ལེགས་པར་གྲུབ་ཟིན་པས་སླར་ཡང་རྡོ་དྲིལ་དེ་ཉིད་ལ་ལྷ་དེ་ཉིད་ཀྱི་ཡོངས་དག་བྱ་ཡང་མི་དགོས་ཤིང་དེ་ལྟར་བྱས་པའམ། མ་བྱས་ཀྱང་རུང་། གཉིས་ཀ་ལྟར་ཡང་ནོར་པ་ཁོ་ན་ཡིན་ཏེ། སློབ་དཔོན་རིན་པོ་ཆེའི་འགྲེལ་པ་ལུགས་ཀྱི་དབང་ཆུ་ལས། རྡོ་དྲིལ་ལ་ལྷ་རིགས་ལྔ་སོགས་བསྐྱེད་པའི་ས་ཆོག་ལ་ཁ་འཕངས་སུ་མཛད་པ་ཡིན་པ་ལ། ཁྱོད་ཀྱིས་ས་ཆོག་གི་སྐབས་སུ་ཁ་འཕངས་ཀྱི་ལྷ་དེ་རྣམས་མ་བསྐྱེད་པར་རྡོ་རྗེ་འོད་དཔག་མེད་དང་། དྲིལ་བུ་དོན་ཡོད་གྲུབ་པར་བསྐྱེད་པས་ཤིན་ཏུ་ནོར་ཚབ་ཆེ་བའི་ཕྱིར་རོ། །ཡང་རྗེ་བཙུན་གྱིས་མཛད་པར་གྲགས་པའི་དེ་ཁོ་ན་ཉིད་ཀྱི་ཡི་གེ་དེ་ལ་ཁུངས་སུ་འདོད་ན་ནི་ཡི་གེ་དེ་རྔོག་ལུགས་པ་ཞིག་གི་བྱས་ནས་རྗེ་བཙུན་ལ་ཁ་གཡར་བ་ཡིན་གྱི། རྗེ་བཙུན་ཆེན་པོས་མཛད་པ་མ་ཡིན་