R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༢བ
[A:༥༢བ]གི་དོན་དུ་བཞེངས་པའི་དཀྱིལ་འཁོར་དེ་དང་། དབང་ཚར་རྟིང་མ་བསྐུར་རྒྱུའི་སློབ་མ་རྣམས་ལ་འབྲེལ་པ་མེད་པས་དབང་རྟིང་མ་མི་རུང་ཟེར་རྒྱུར་སྣང་བ། སྣང་གསུམ་གྱི་ཁྲིད་ཟིན་པའི་སློབ་མ་མང་པོ་ལ་གྲངས་ངེས་མེད་པར་རྗེས་བཟུང་བྱེད་པ་གྲུབ་ཅིང་། མ་བྱས་ན་ཉེས་པ་ཆེན་པོ་ཡོད་པས་དེ་ལྟར་རྗེས་བཟུང་བྱས་པ་དེ་དང་། དེ་དག་གི་དོན་དུ་བཞེངས་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་ཤིན་ཏུ་འབྲེལ། སྟ་གོན་བཞི་པོའང་གོ་རིམ་ཇི་ལྟ་བ་བཞིན་དུ་འབྲེལ་བས། རྡུལ་ཚོན་གྱི་དཀྱིལ་འཁོར་གཅིག་པུ་དེ་སློབ་མ་ཇི་ཙམ་པ་ཐམས་ཅད་སྨིན་བྱེད་ཀྱི་དཀྱིལ་འཁོར་དུ་རུང་བ་ཡིན་ནོ་ཞེས་པ་དང་། རྒོལ་བ་པོ་ཉེས་པ་ཅན་དུ་བསྟན་པ་ལ་ཁས་བླངས་འགལ་བ་དང་། ཉེས་པ་ཆེན་པོ་གཞན་གྱིས་གནོད་པ་གཉིས་སུ་མཛད་ནས། དང་པོ་ལ་དབང་ཚར་དང་པོ་བྱས་ཟིན་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་སྟ་གོན་བསྐྱར་མ་དང་། སྒྲུབ་མཆོད་བསྐྱར་ན་སྟ་གོན་འབྲེལ་བ་ཡོད་པར་འདོད་པ་དང་། དབང་ཚར་རྟིང་མ་མི་རུང་བར་ཁས་ལེན་པ་འགལ་བར་གསུངས། ཉེས་པ་ཆེན་པོ་གཞན་གྱིས་གནོད་པ་ལ་རྡུལ་ཚོན་ལ་དབང་ཚར་གཅིག་ལས་མི་རུང་ན་རས་བྲིས་ལའང་མི་རུང་བར་འགྱུར། རས་བྲིས་སྨིན་བྱེད་མ་ཡིན་པ་ལ་དེ་ལྟར་རུང་བ་དང་། གཞན་དུ་སྤྱན་འདྲེན་དུ་བཏུབ་པས་དེ་གཉིས་མི་མཚུངས་ཤེ་ན། རྡུལ་ཚོན་ལའང་སྨིན་བྱེད་མ་ཡིན་པ་ལ་དེ་ལྟར་རུང་ཞིང་། དེ་རིང་གི་རྡུལ་ཚོན་མི་དམིགས་པར་བྱས་རྗེས་སང་གི་རྡུལ་ཚོན་ལ་དེ་ལྟར་རུང་བར་འགྱུར་རོ། མདོར་ན་རྡུལ་ཚོན་དང་རས་བྲིས་གང་ཡིན་ཀྱང་རུང་། སློབ་མ་སྨིན་བྱེད་དུ་རུང་མི་རུང་ནི་སློབ་མ་དང་དཀྱིལ་འཁོར་དེ་ལ་འབྲེལ་པ་ཡོད་མེད་ལ་ཐུག དེའང་དབང་