R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༣ན
[A:༥༣ན]གི་མངོན་པར་རྟོགས་པ་མཐའ་དག་ཚང་མ་ཚང་ལ་ཐུག དེ་ཚང་བའང་རང་དོན་དུ་བཞེངས་པའི་དཀྱིལ་འཁོར་དེ་ལ་དགོས་པའི་ཡོ་བྱད་རྣམས་སློབ་དཔོན་ལ་སྦྱར་བ་ནས་བཟུང་མངོན་པར་རྟོགས་པ་བཤད་ཚོད་རྣམས་ཚང་ན་རས་བྲིས་ཀྱང་སྨིན་བྱེད་དུ་འགྲོ་བ་ནི་དབང་ཆུའི་དགོངས་པ་དང་། དེ་མ་ཚང་ན་རྡུལ་ཚོན་ཡང་སྨིན་བྱེད་དུ་མི་འགྲོ་བ་ནི་ཆོས་རྗེ་པའི་དགོངས་པའོ། །ངེས་པའི་དོན་དུ་བློས་བསླངས་དང་ཚོན་རྩི་ལས་གྲུབ་པ་སོགས་ནི་དམིགས་པའི་རྐྱེན་ཙམ་ཡིན་གྱི། སྨིན་བྱེད་ཀྱི་དཀྱིལ་འཁོར་དངོས་ནི་ཡེ་ཤེས་ལས་གྲུབ་པ་ཉིད་གཙོ་བོ་ཡིན་ནོ་ཞེས་སོགས་གསུངས་སོ། །ཡང་ཚར་ཆེན་ཆོས་ཀྱི་རྒྱལ་པོའི་རྡོ་རྗེ་འཁྲུལ་འཁོར་གྱི་ཟེགས་མ་ལས། སྨྲ་བ་གསུམ་པ་ནུབ་དང་པོ་ལས་ལྷ། བུམ་པ་སྟ་གོན་བྱས་པའི་ནུབ་དེ་ཁོ་ན་ལ་སློབ་མ་སྟ་གོན་བྱེད་ཀྱི། ནུབ་ཕྱི་མ་ཕན་ཆོད་ཀྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དང་འབྲེལ་བར་སློབ་མ་སྟ་གོན་བྱ་མི་རུང་སྟེ། དེའི་དུས་ཀྱི་སློབ་མ་སྟ་གོན་དང་སྟ་གོན་སྔ་མ་གསུམ་ལ་འབྲེལ་པ་མེད་པའི་ཕྱིར་ཟེར་རོ་ཞེས་ཁས་བླངས་བཀོད་ནས། ལན་དངོས་ལ་དེ་ལྟར་ན་ནུབ་ཕྱི་མ་རྣམས་ལ་སྒྲུབ་མཆོད་ཀྱང་མི་རུང་བར་འགྱུར་ཏེ། དེ་དུས་ཀྱི་དངོས་གཞིའི་སྒྲུབ་མཆོད་ལ་སྟ་གོན་སྔ་མ་གསུམ་དགོས་པ་གང་ཞིག དེ་མེད་པར་མ་ཟད་དེ་དང་འབྲེལ་པ་ཙམ་ཡང་མེད་པའི་ཕྱིར། གཞན་ཡང་དཀྱིལ་འཁོར་གཅིག་ཏུ་དབང་ལན་གཅིག་ལས་བསྐུར་དུ་མི་རུང་ན་རས་བྲིས་ལའང་མཚུངས་ཤིང་། རྗེ་བཙུན་ཆེན་པོའི་གཞན་ཕན་བདུད་རྩིར་ནུབ་དྲུག་གི་བར་དུ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་སྦྲེལ་ནས་དབང་བསྐུར་བ་བཤད་པ་སོགས་གནོད་བྱེད་མཐའ་ཡས་སོ། །དེས་ན་རྡུལ་