R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༣བ
[A:༥༣བ]ཚོན་གྱི་དཀྱིལ་འཁོར་གཅིག་ཏུ་དབང་ལན་མང་དུ་བསྐུར་བ་ས་སྐྱ་པའི་ལུགས་མིན། བུ་སྟོན་པའི་སློབ་བརྒྱུད་དག་གི་ལུགས་ཡིན་ཟེར་བ་རྗེ་བཙུན་ཆེན་པོ་ངོར་པ་དང་བཞེད་པ་གཅིག་པ་འདུག་པས་ས་སྐྱ་པའི་ཁྱུ་ནས་འབུད་ཀྱང་བུ་སྟོན་པའི་སློབ་བརྒྱུད་དུ་འོང་དོན་མེད་པས་ཐུགས་དྲན་བསྟེན་པ་ཞུ་ཞེས་ཉམས་ལྡན་དང་བཅས་གསུངས་སོ། ཡང་མཁས་པའི་དབང་པོ་དཀོན་མཆོག་ལྷུན་གྲུབ་ཀྱིས་ཚངས་པའི་རིག་སྔགས་སུ་མགོ་མཚུངས་དང་། རྣལ་མའི་ལན་གཉིས་སུ་མཛད་ནས། དང་པོ་ལ། འོ་ན་སྨིན་བྱེད་ཀྱི་དབང་ཚར་རེ་ལ་གཞི་བསྙེན་དང་ས་ཆོག་སོགས་ཞལ་དང་འདྲ་བའི་ཆོ་གའི་གཞི་ཆེན་པོ་མཐའ་དག་ཚར་རེ་བྱ་དགོས་པར་འགྱུར་ཏེ། སྨིན་བྱེད་རེ་ལ་སྟ་གོན་རེ་བྱེད་དགོས་པ་གང་ཞིག བརྒྱད་པོ་དེ་སྨིན་བྱེད་ལ་དགོས་པའི་ཆོ་ག་ཡིན་པར་མཚུངས་པའི་ཕྱིར། མི་མཚུངས་ཏེ་བསྙེན་པ་ཁ་གསོ་ཙམ་དང་། དཀྱིལ་འཁོར་གྱི་ཁང་པ་རྙིང་པར་ས་ཆོག་མ་བྱས་ཀྱང་རུང་བར་བཤད་པས་སོ་སྙམ་ན། འོ་ན་སྔར་བྱས་ཟིན་པའི་གཞི་བསྙེན་དང་། ས་ཆོག་རྣམས་དང་། ད་ལྟའི་སློབ་མའི་དོན་དུ་བཞེངས་པའི་དཀྱིལ་འཁོར་ལ་འབྲེལ་པ་དེ་མེད་པས་ན། གཞི་བསྙེན་འབྲེལ་པ་མེད་པ་དང་། །ས་ཆོག་འབྲེལ་པ་མེད་པ་དང་། །ཞེས་པའི་ཉེས་པ་རེའང་འབྱུང་ངོ་ཞེས་པ་དང་། གཞན་ཡང་རྡུལ་ཚོན་གྱི་དཀྱིལ་འཁོར་གཅིག་ཏུ་སློབ་མ་གཅིག་ལས་གཞན་ལ་དབང་བསྐུར་དུ་མི་རུང་བར་འགྱུར་བའི་གནོད་བྱེད་པཎ་ཆེན་གྱི་གསུང་དེ་དང་ཕལ་ཆེར་མཐུན་པ་ཞིག་འགོད་པར་མཛད་ནས། དེའི་རྗེས་སུ་ཡང་འབྲེལ་ཟླའི་དོན་སློབ་མ་ལ་མི་བྱེད་པར་ཆོ་ག་དེའི་བྱེད་ལས་ལ་བྱེད་ཟེར་ན། འོ་ན་སྟ་གོན་དང་འཇུག་པའི་ཚེ་ལས་