R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༤ན
[A:༥༤ན]བུམ་གྱི་བསྐྱེད་ཆོག་རེ་རེ་དང་བུམ་ཆུས་གསང་བ་རེ་རེ་སྤེལ་ནས་བྱ་དགོས་པ་དང་། རིན་འབྱུང་ཅོད་པན་གྱི་དབང་མན་ཆད་ཀྱི་མཐའ་རྟེན་ཆུ་དབང་རེ་ལའང་བུམ་པ་ལས་བསྐྱེད་ཆོག་རེ་བྱ་དགོས་པར་འགྱུར་ཏེ། ཆོ་ག་ཚར་རེ་དང་དེའི་བྱེད་ལས་རེ་འབྲེལ་དགོས་པའི་ཕྱིར། གལ་ཏེ་བུམ་པ་སྟ་གོན་དང་ཆུ་དབང་གི་ཚེ་བསྒྲུབས་ཟིན་པས་མི་དགོས་སྙམ་ན་དེ་ནི་སྟ་གོན་ལའང་མཚུངས་སོ། །དེ་ལ་དངོས་གཞི་སྒྲུབ་མཆོད་ཀྱི་མཚུངས་པ་བྱེད་པ་ནི་བླུན་པོའི་རིགས་པ་སྟེ་མི་མཚུངས་པའི་རྒྱུ་མཚན་སློབ་མ་དབང་བསྐུར་དང་རང་ཉིད་བདག་འཇུག་ལེན་པ་གཉིས་ཀ་ལ་དབང་བླང་བའི་ཡུལ་ཚུལ་བཞིན་དུ་བསྒྲུབ་དགོས་ལ། དེ་ལྟ་བུའི་དཀྱིལ་འཁོར་བསྒྲུབ་པ་དང་། བདག་འཇུག་ལེན་པ་དང་། སློབ་མ་ལ་དབང་བསྐུར་བ་གསུམ་ཆོ་ག་རིགས་མི་མཐུན་གཞན་གྱིས་བར་མ་ཆོད་པར་འབྲེལ་ཆགས་སུ་དགོས་པས་སོ། །དེ་སྟ་གོན་ལའང་མཚུངས་ཤེ་ན། ལྷ་སྟ་གོན་དང་དངོས་གཞི་སྒྲུབ་མཆོད་གཉིས་ཀྱི་བར་དུ་ལྷའི་རྣལ་འབྱོར་གཞན་དང་ཆོ་ག་གཞན་མི་རུང་བ་ཁྱོད་ཁས་ལོང་ཞིག་ཅེས་པ་དང་། རྡུལ་ཚོན་གྱི་དཀྱིལ་འཁོར་གཅིག་ཏུ་སྟ་གོན་གཅིག་ལས་མེད་པས་དབང་ཚར་གཅིག་ལས་མི་རུང་བ། གཞན་ཕན་བདུད་རྩི་ལས། མདོར་ན་སྟ་གོན་ནུབ་གཅིག དངོས་གཞི་ནུབ་དྲུག་ལ་ལྷག་མ་གཤེགས་པས་ནུབ་བདུན་དུ་འགྲོ་བས་བདུན་ཚིགས་ཞེས་བྱ་བ་ཡིན་ཏེ་ཞེས་གསུངས་པ་དང་འགལ་གསུངས་ཤིང་། ཡང་སྟ་གོན་སྔ་མ་རྣམས་བསྐྱར་ནས་བྱེད་ན་དཀྱིལ་འཁོར་བསྒྲུབས་ཟིན་པས་སྟ་གོན་ཇི་ལྟར་བྱེད་ཅེས་པའི་དཀྱིལ་འཁོར་སྒྲུབ་པ་དེ་ཅི། དངོས་གཞི་སྒྲུབ་མཆོད་དམ་དཀྱིལ་འཁོར་