R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༤བ
[A:༥༤བ]བྲིས་པ་གང་ལ་བྱེད། དང་པོ་ལྟར་ན་སྟ་གོན་དེ་ལ་ལྟོས་པའི་དཀྱིལ་འཁོར་བསྒྲུབས་ཟིན་པ་བརྒྱ་བྱིན་གྱིས་ཀྱང་སྒྲུབ་མི་ནུས། ཕྱི་མ་ལྟར་ན་རས་བྲིས་ཀྱི་ཕྱོགས་ལ་སྟ་གོན་བྱ་མི་རུང་བར་འགྱུར་ཏེ། སྟ་གོན་དེའི་སྔོན་དུ་རས་བྲིས་དེ་བྲིས་ཟིན་པའི་ཕྱིར་དང་། དཀྱིལ་འཁོར་བྲིས་ཟིན་ནས་སྟ་གོན་ཇི་ལྟར་བྱེད་ཅེས་སྨྲས་ན་ཆོས་དང་མཐུན་པའི་ལན་མི་འདུག་པའི་ཕྱིར་ཞེས་གསུངས། གཉིས་པ་རྣལ་མའི་ལན་ལ་རྒོལ་བའི་བསམ་པ་བླང་པ། རང་ལུགས་ཉེས་མེད་དུ་བསྟན་པ། རྒོལ་བ་པོ་ཉེས་པ་ཅན་དུ་བསྟན་པ་རྣམས་སུ་མཛད་ནས། དང་པོ་ལ་ཁྱོད་ལྟར་ན་རྗེས་བཟུང་གི་སྐབས་ཀྱི་སློབ་མ་ཉེར་ལྔ་པོའི་དོན་དུ་བཞེངས་པའི་དཀྱིལ་འཁོར་དེར་ཉེར་ལྔ་ལས་གཞན་སྨིན་བྱེད་མི་རུང་སྟེ། ཉེར་ལྔ་ལས་གཞན་པའི་སློབ་མ་རྣམས་དང་དཀྱིལ་འཁོར་དེ་ལ་འབྲེལ་པ་མེད་པའི་ཕྱིར་དང་། དངོས་གཞི་ཕྱི་མ་རྣམས་ལ་སྟ་གོན་མེད་པའི་ཕྱིར་སྙམ་དུ་སེམས་པའོ་ཞེས་གསུངས། རང་ལུགས་ཉེས་མེད་དུ་བསྟན་པ་ལ་སྣང་གསུམ་གྱི་ཁྲིད་ཟིན་པའི་སློབ་མ་མང་པོ་ལ་གྲངས་ངེས་མེད་པར་རྗེས་བཟུང་བྱ་རུང་བར་གྲུབ་ཅིང་། སློབ་མ་དེ་དག་གི་དོན་དུ་བཞེངས་པའི་དཀྱིལ་འཁོར་དང་དེ་རྣམས་ཤིན་ཏུ་འབྲེལ་པ་དང་། ས་ལྷ་དང་ལྷ་སྟ་གོན་བྱས་པའི་དགོས་པ་ནི། ས་ཕྱོགས་དེར་དཀྱིལ་འཁོར་བཞེངས་སུ་རུང་བ་དང་། སློབ་མའི་ཆེད་དུ་དཀྱིལ་འཁོར་བྲིས་ཏེ་གཞན་དོན་བྱ་བའི་གནང་བ་ཞུ་བ་དང་། བྱིན་གྱིས་བརླབས་པའི་ཆེད་ཡིན་ལ། དེ་ཙམ་ནི་སྟ་གོན་གཅིག་པུ་དེས་གྲུབ། བུམ་པ་དང་སློབ་མ་སྟ་གོན་ཡང་ཇི་ཙམ་སྐབས་སུ་བབས་པའི་ཚེ་བྱས་པས། དབང་ཞུ་བ་ཇི་སྙེད་པ་དག་ལ་མངོན་པར་རྟོགས་པ་བརྒྱད་ཅར་ཚང་