R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༥ན
[A:༥༥ན]བས་སྨིན་བྱེད་དུ་མི་རུང་བའི་དོགས་པ་སྐྱེ་དོན་མེད་ལ། དཀྱིལ་འཁོར་གཅིག་ཏུ་སྨིན་བྱེད་གཅིག་ལས་མི་རུང་བར་སྨྲ་བའི་ས་སྐྱ་པའི་སྲོལ་འཛིན་གཞན་སུ་ཞིག་ཅེས་དྲིས་ན་སྟོན་རྒྱུ་མེད། འགའ་ཞིག་ཡོད་ནའང་དེ་དང་ཁྱོད་གཉིས་ཆར་གང་ཟག་གཅིག་ལ་སྨིན་བྱེད་གཅིག་ལས་མེད་པར་བཤད་པ་དེ་དཀྱིལ་འཁོར་གཅིག་ཏུ་སྨིན་བྱེད་གཅིག་ལས་མི་རུང་བར་གོ་འདུག་པས་ཆེས་བླུན་པ་ཡིན་ནོ་གསུངས། རྒོལ་བ་པོ་ཉེས་ཅན་དུ་བསྟན་པ་ལ། ཁྱོད་ལྟར་ན་སྒྲུབ་མཆོད་ཕྱི་མ་རྣམས་ལ་སྟ་གོན་གྱི་འབྲེལ་བ་མེད་པས་སྨིན་བྱེད་མ་ཡིན་པའི་དབང་དང་། སྒྲུབ་མཆོད་ཀྱང་ཉིན་ཞག་སྦྲེལ་ནས་མི་རུང་བར་འགྱུར། དེ་འདོད་ན་གོང་དུ་དྲངས་པའི་གཞན་ཕན་བདུད་རྩིའི་ལུང་དང་འགལ་ལོ། །གཞན་ཡང་དཀྱིལ་འཁོར་གཅིག་ཏུ་དབང་རེ་ལས་མི་རུང་ན་དེང་སང་གི་རྡོ་རྗེ་སློབ་དཔོན་དག་ལ་གསང་བ་ཆོས་ཀྱི་དཀྱིལ་འཁོར་གསུམ་པོ་རེ་རེ་ལས་མེད། དེ་དག་གི་ཚེ་གང་ལ་དབང་གོང་མ་གསུམ་ཚར་རེ་ལས་བསྐུར་མི་རུང་བར་འགྱུར་ལ། དེར་མ་ཟད་རས་བྲིས་ཀྱི་སྟེང་ནས་སྨིན་བྱེད་ཚར་གཅིག་བྱས་པའི་རས་བྲིས་དེའང་རྡུལ་ཚོན་བཞིན་དུ་ཆུ་བོར་སྤྱན་འདྲེན་པའམ་རྒྱས་བཏབ་སྟེ་དབེན་པར་འཇོག་པ་སོགས་བྱ་རིགས་པར་འགྱུར། གལ་ཏེ་དེ་ལ་སྟ་གོན་བསྐྱར་བས་རུང་སྙམ་ན་དེ་རྡུལ་ཚོན་ལ་ཅིའི་ཕྱིར་མི་མཚུངས། ལེགས་པར་བརྟགས་ན་རས་བྲིས་དང་། ས་འདིར་དཀྱིལ་འཁོར་བྲི་བར་བྱ། །ཞེས་པའི་ས་གཉིས་ལ་ཁྱོད་འདོད་པའི་འབྲེལ་བ་དེ་མེད་པས་རས་བྲིས་སུ་སྒྲུབ་མཆོད་ཀྱང་མི་རུང་བར་འདོད་དགོས། དེ་རུང་ན་ནི། དཀྱིལ་འཁོར་འབྲེལ་བ་མེད་པ་དང་། །ཞེས་པའི་དོགས་པའང་