R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༥བ
[A:༥༥བ]འཇུག་གོ །མ་ཡིན་ཏེ་དཀྱིལ་འཁོར་བྲི་ཞེས་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལའང་རུང་སྙམ་ན། ཁོ་བོ་ཅག་ལ་རུང་ཡང་ཁྱེད་ལ་འགལ་ཏེ་དཀྱིལ་འཁོར་བྲིས་ཟིན་ནས་སྟ་གོན་བསྐྱར་ཐབས་མེད་པས་སོ། །དེ་ལྟར་ནའང་རྡུལ་ཚོན་གྱི་དཀྱིལ་འཁོར་གཅིག་ཏུ་སྨིན་བྱེད་ཚར་མང་པོ་རུང་བའི་གོང་མའི་གསུང་བསྟན་དགོས་ཟེར་ན། དེ་མི་རུང་བའི་ལུང་ཁྱེད་ཀྱིས་བསྟན་དགོས། དེས་ན་འདི་རིགས་དཀྱིལ་ཆོག་དག་ལས་དབང་ཚར་རེ་བསྐུར་བའི་ཚུལ་ལས་མི་འབྱུང་བས་དངོས་བསྟན་དེ་ལས་གཞན་བྱ་མ་ཤེས། བླ་མ་མཁས་པའི་མཐོང་བ་བརྒྱུད་པའི་ཕྱག་ལེན་ཡང་མེད་པས་བྱིས་པའི་བློས་ཆུ་ལ་བརྒལ་མ་ནུས་པའི་མུན་སྤྲུལ་ལ་ཁྱད་ནོར་དུ་བཟུང་བ་ཡིན་གསུངས་སོ། །དེའི་དོན་བསྡུས་དོན་བརྒྱད་པ་ལས། དེ་ལྟ་ཡིན་ན་རྗེ་རྩེ་མོས། །མཛད་པའི་ཌོམྦྷི་དཀྱིལ་ཆོག་ལས། །སྒྲུབ་མཆོད་ཉི་མ་ལྔར་བྱས་ནས། །སྟ་གོན་གཅིག་ལ་དངོས་གཞི་གཉིས། །མཛད་པའི་དངོས་གཞི་དང་པོ་ལ། །རབ་གནས་དང་ནི་གཉིས་པ་ལ། །སློབ་མ་དབང་སྐུར་བྱེད་དོ་ཞེས། །གསལ་བར་གསུངས་པ་མ་ཤེས་པར། །གོང་མའི་ཆོས་རྣམས་འགེགས་པར་ཟད། །རྩེ་མོ་འགེགས་པའི་ས་སྐྱ་པའི། །རྗེས་འབྲངས་རྙིང་པ་གང་ནས་བྱོན། །རྗེ་བཙུན་ཆེན་པོས་དུས་མཐའ་མའི། །སྟ་གོན་གཅིག་ལ་དངོས་གཞི་དྲུག །བྱེད་པར་བཤད་པའི་ཕྱི་མ་ལྔ། འབྲེལ་མེད་ཡིན་ཕྱིར་མི་རུང་བར། །རྗེས་འབྲངས་ཐ་ཤལ་ཁྱེད་འདོད་དམ། །རྗེ་བཙུན་དགག་པའི་ས་སྐྱ་པ། །རྙིང་པ་དེ་འདྲ་གད་མོའི་གནས། །དཀྱིལ་འཁོར་གཅིག་ཏུ་དབང་བསྐུར་བ། །གཅིག་ལས་ནམ་ཡང་མི་རུང་ན། །རས་བྲིས་བཞེངས་པ་དོན་རེ་ཆུང་། །སྟ་གོན་