R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥བ
[A:༥བ]འབྱུང་བའི་དོན་བསྡུས་ཏེ་བཀོད་ན། རྗེ་བཙུན་ཆེན་པོའི་མཛད་བྱང་ཡོད་པའི་སེམས་བསྐྱེད་ཀྱི་ཡི་གེ་ངོར་པས་སྒོ་རུམ་དཔེ་ཁང་ནས་རྙེད་ཟེར་བ་དེའི་སྟེང་ནས་སེམས་བསྐྱེད་བྱེད་པ་ལ་བརྒྱུད་པ་ཆད་པ་ནི་ཚིག་དེ་ཉིད་ཀྱིས་ཤེས་ཤིང་། ལམ་འབྲས་པ་ཕྱི་མ་རྣམས་ཀྱིས་བརྒྱུད་རིམ་མང་པོའི་གྲངས་བགྲངས་ནས། ཡི་གེ་དེའི་སྟེང་ནས་ལམ་འབྲས་པ་སུས་ཀྱང་བྱས་པ་མེད་དོ། །གཞན་ཡང་མཁན་ཆེན་ཤེས་རབ་རྡོ་རྗེ་བས་བླ་མ་བཅུ་ཕྲག་ལྷག་ཙམ་བསྟེན་ནས་གསན་པར་མཛད་པའི་རྗེ་བཙུན་གྱི་བཀའ་འབུམ་གྱི་ནང་ན་ཡི་གེ་དེ་མེད་ཅེས་རྒོལ་བར་མཛད་དོ། །དེ་ལ་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས་བྲང་མོ་ཆེ་བའི་བརྒལ་ལན་རྣམ་ཐར་སྒོ་བརྒྱད་པ་ཞེས་བྱ་བ་མཛད་པ་དེའི་ནང་དུ་གོང་གི་དེའི་ལན་ལ། སྤྱིར་བཤད་པ་དང་། དངོས་ཀྱི་ལན་གཉིས་སུ་མཛད་ནས། དང་པོ་ལ་སོ་ཐར་གྱི་མཁན་བརྒྱུད་དང་། སྔགས་ཀྱི་སྡོམ་པའི་བླ་མ་བརྒྱུད་པ་དང་འདྲ་བ་ཞིག་སེམས་བསྐྱེད་ཀྱི་སྡོམ་པ་ལ་ངེས་པ་ཉིད་དུ་མི་དགོས་ཏེ། བསླབ་བཏུས་དང་སྤྱོད་འཇུག་གི་དགོངས་པས་སེམས་བསྐྱེད་ཀྱི་སྡོམ་པ་ལེན་གསོ་གཉིས་ཀ་ལ་བླ་མ་ངེས་པར་མི་དགོས་པ་དང་། བྱང་ས་ལྟར་ན་ལེན་པ་ལ་དགོས་ཀྱང་གསོ་བ་ལ་ངེས་པར་མི་དགོས་པས་སོ། །སྤྱིར་རྣལ་འབྱོར་དབང་ཕྱུག་ནས་བརྒྱུད་པ་བར་མ་ཆད་པའི་སྨོན་འཇུག་གི་སྡོམ་པ་ཞིག་མི་འདོད་ན་ནི་ཤིན་ཏུ་ཐ་ཆད་ལ། འདོད་ན་ནི་དེ་བརྒྱུད་ལྡན་གྱི་རྡོ་རྗེ་སློབ་དཔོན་ཞིག་གིས་ཕྱིས་བྱུང་གི་བྱང་སེམས་ཀྱི་སྡོམ་པ་འབོགས་ཆོག་མ་ནོར་བ་ཅི་ཡིན་ཞིག་གི་སྟེང་ནས་སྡོམ་པ་དེ་ཕོག་ཆོག་སྟེ། འབོགས་རྒྱུའི་སྡོམ་པ་རང་གི་ངོ་བོ་ལ་ཁྱད་པར་མེད་པ་ཡིན་པས་སོ། །དཔེར་ན་ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏས་ཧོར་ཡུལ་