R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥ན
[A:༥ན]བརྒྱད་ཐོག་མར་མདོར་བསྟན་ནམ་རྩ་ཚིག་གི་ཚུལ་དུ་སྨོས་ཏེ། སླར་དེ་དག་རྒྱས་བཤད་དམ་རང་འགྲེལ་གྱི་ཚུལ་དུ་ཞིབ་པར་གསུངས་པ་ལ་བརྟེན་ནས། ངོར་ལུགས་ཀྱི་བསྟན་འཛིན་དག་གིས་དེ་ཉིད་ཀྱི་བརྒལ་ལན་དུ་མ་དང་། སླད་ནས་རྫོང་ལུགས་ཀྱི་མཁས་པ་རྣམས་ཀྱིས་ཀྱང་ལན་གྱི་རིམ་པ་དག་མཛད་དེ། །འབེལ་བའི་གཏམ་གྱིས་བསྟན་པ་རིན་པོ་ཆེ་ཉིད་གསལ་བར་མཛད་པ་ཡིན་ནོ། །གོང་གི་ཚིགས་བཅད་འདི་དག་ལ་པཎ་ཆེན་གྱི་རྣམ་ཐར་སྒོ་བརྒྱད་པ་དང་། དཀོན་མཆོག་ལྷུན་གྲུབ་ཀྱི་ཚངས་པའི་རིགས་སྔགས་སུ་མི་འདྲ་བ་རེ་འབྱུང་ཡང་འདིར་ནི་ཆུ་རྒྱུན་བཞི་པ་ནས་ཇི་སྐད་འབྱུང་བ་བཞིན་བཀོད་པའོ། །བརྒལ་ལན་གྱི་རྣམ་གཞག་དེ་དག་ལས་འདིར་སོ་སོའི་བཞེད་དོན་གྱི་སྙིང་པོ་དག་བླངས་ཏེ་བཤད་ན། འདི་ལ་དོན་ཚན་དགུ་སྟེ། སེམས་བསྐྱེད་ལ་བརྒྱུད་པ་ཡོད་མེད་ཀྱི་རྣམ་གཞག རྗེས་འཛིན་ལ་གྲངས་ངེས་ཡོད་མེད་ཀྱི་རྣམ་གཞག སྟ་གོན་ལ་འབྲེལ་པ་ཡོད་མེད་ཀྱི་རྣམ་གཞག སློབ་དཔོན་གྱི་དབང་ལ་གྲངས་ངེས་ཡོད་མེད་ཀྱི་རྣམ་གཞག བརྟུལ་ཞུགས་དང་སློབ་དཔོན་གྱི་དབང་ལ་ཡངས་དག་ཡོད་མེད་ཀྱི་རྣམ་གཞག ལུས་དཀྱིལ་ལ་འབྱུང་ཁུངས་ཀྱི་ཚིག་ཡོད་མེད་ཀྱི་རྣམ་གཞག ལུས་དཀྱིལ་ལྷ་ལ་རྒྱས་གདབ་རིགས་མཚོན་ཡོད་མེད་ཀྱི་རྣམ་གཞག བཟའ་བའི་དམ་ཚིག་ཡོད་མེད་ཀྱི་རྣམ་གཞག གདན་གྱི་དག་པ་སོགས་གོང་མའི་བཀའ་ཡིན་མིན་གྱི་རྣམ་གཞག་བསྟན་པའོ། །དང་པོ་ནི། ཆོས་རྗེ་རྡོ་རྗེ་རྒྱལ་མཚན་གྱིས་རྣམ་བཤད་ཆུ་རྒྱུན་བཞི་པར། སེམས་བསྐྱེད་བརྒྱུད་པ་མེད་པ་དང་། །ཞེས་པའི་རྒྱས་བཤད་དུ་ཇི་ལྟར་