R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༦ན
[A:༥༦ན]བསྐྱར་ནས་རུང་ཞེ་ན། །དཀྱིལ་འཁོར་བསྒྲུབས་ནས་སྟ་གོན་ནི། །ཇི་ལྟར་བྱེད་ཅེས་ཁྱེད་ཉིད་ཀྱིས། །གཞན་ལ་སྨྲས་པ་དེ་བརྗེད་དམ། །སློབ་དཔོན་ལུས་ཀྱི་དཀྱིལ་འཁོར་ནི། །གཅིག་ལས་མེད་ཕྱིར་ལུས་དཀྱིལ་དུ། །དབང་བསྐུར་སློབ་དཔོན་ཚེ་གང་ལ། །གཅིག་ལས་བྱེད་དུ་མི་རུང་བར། །གཞུང་བཤད་མཁས་རློམ་ཁྱེད་འདོད་དམ། །དེ་ལྟ་ན་ནི་ལམ་འབྲས་ཀྱང་། ཚར་གཅིག་ཉིད་ལས་མི་རུང་བར། །ཐལ་བ་འདི་ལ་འདོད་ལན་ཐོབ། །མདོར་ན་འདི་འདྲའི་གྲུབ་མཐའ་ནི། །མཐོང་བ་བརྒྱུད་པའི་ཕྱག་ལེན་གྱིས། །བརྒྱན་པའི་སློབ་དཔོན་མ་བསྟེན་པར། །དཀྱིལ་ཆོག་རྣམས་ཀྱི་ཚིག་རིགས་ལ། །ཐུག་ཕྲད་བྱས་པའི་གཏམ་དུ་སྣང་། །ཞེས་ཀྱང་གསུངས་སོ། །དེ་ལྟར་རྒྱས་པར་གསུངས་པ་དག་གི་ལན་ལ་མཁན་ཆེན་བཟང་བཀྲས་པས་སྙན་བརྒྱུད་འཁྲུལ་སེལ་ལས། ཚངས་པའི་རིག་སྔགས་ལས་བྱུང་བའི་མགོ་མཚུངས་ཀྱི་རིགས་པ་རྣམས་བརྗོད་པའི་རྗེས་སུ། འོ་ན་སྨིན་བྱེད་ཚར་རེ་ལ། །སློབ་མ་སྟ་གོན་ཚར་རེ་དང་། །འཇུག་ཅིང་དབང་བསྐུར་ལེན་པ་སོགས། །ཚར་རེ་དགོས་ན་བསྙེན་སོགས་བརྒྱད། །ཚར་རེ་དགོས་སོགས་སྒྲུབ་བྱེད་ཀུན། །རི་བོང་ཚང་ལོག་ཅིས་མི་འགྱུར། །སྒྲུབ་མཆོད་ལ་སོགས་བར་མ་ཆད། །དགོས་ན་དབང་ཆུར་སྒྲུབ་མཆོད་དང་། །འཇུག་པའི་བར་དུ་སྦྱིན་སྲེག་སོགས། །གསུངས་པ་མ་མཐོང་དེ་ཉིད་བསྟན། །ཞེས་པ་དང་། ཡང་ཚངས་པའི་རིག་སྔགས་ལས་རྣལ་མའི་ལན་གསུངས་ཚུལ་བཀོད་པའི་རྗེས་སུ། སྟ་གོན་དང་པོ་གཉིས་པོ་དེ། །ཚར་རེ་བྱས་པའི་དགོས་པ་དེས། །དབང་བསྐུར་ཕྱི་མ་ཀུན་འགྲུབ་ན། །བདག་