R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༦བ
[A:༥༦བ]མདུན་འཇུག་པ་བུམ་སྒྲུབ་སོགས། །ཀུན་ཀྱང་ཚར་རེས་དབང་བསྐུར་ཀུན། །འགྲུབ་པར་འགྱུར་ཏེ་དགོས་པ་མཚུངས། །ཁྱེད་ལའང་སློབ་མ་སྟ་གོན་དང་། །དངོས་གཞི་གྲངས་མཉམ་དགོས་པའི་ཕྱིར། །རིན་འབྱུང་མན་ལ་བུམ་ཆོག་རེ། །དགོས་པ་མཚུངས་ཤིང་རྡུལ་ཚོན་གྱི། །དཀྱིལ་འཁོར་གཅིག་ཏུ་གཤིན་པོ་ལ། །དབང་བཞི་ནུབ་དྲུག་བསྐུར་བའི་རྗེས། །གཤེགས་གསོལ་དགོས་ལྟར་ལུས་དཀྱིལ་གསུམ། །གཤེགས་གསོལ་དགོས་པའི་རིགས་པ་མཚུངས། །གཤེགས་གསོལ་རྡུལ་ཚོན་གཞིར་བཞག་ནས། །དྲུག་གམ་གཅིག་ཀྱང་དེ་བཞིན་ཡིན། །ཞེས་པ་དང་། ཡང་ཚངས་པའི་རིག་སྔགས་སུ་རས་བྲིས་དང་རྡུལ་ཚོན་དུ་དབང་ཚར་གཅིག་ལས་རུང་མི་རུང་གི་མཚུངས་པ་མཛད་པ་བཀོད་པའི་རྗེས་སུ། རས་བྲིས་དཀྱིལ་འཁོར་གཅིག་ཉིད་དུ། །དབང་བསྐུར་ཡང་ཡང་རུང་བ་ལྟར། །རྡུལ་ཚོན་ཡང་ཡང་འདེགས་འཇོག་སོགས། །ཤེས་ན་ཁྱོད་ནི་རྫུ་འཕྲུལ་ཆེ། །ས་འདིར་དཀྱིལ་འཁོར་སོགས་ཀྱི་དོན། །བསྒྲུབ་བྱ་ཡིན་གྱིས་སྒྲུབ་བྱེད་མིན། །མདོར་ན་བརྒྱ་ཕྲག་བརྒལ་བ་ལ། །དམིགས་ནས་སྟ་གོན་གཅིག་ཉིད་ཀྱིས། །དངོས་གཞི་དུ་མ་རུང་གྱུར་ན། །འོ་ན་སྟ་གོན་གཅིག་ཉིད་ཀྱིས། ཚེ་གང་གོ་ཆོད་འགྱུར་བ་སོགས། །ཧ་ཅང་ཐལ་ཕྱིར་ལོག་པ་ཡིན། །རྡུལ་ཚོན་དཀྱིལ་འཁོར་གཅིག་ཉིད་དུ། །ལུས་རྟེན་གཅིག་ལ་ཞག་དྲུག་བར། །དབང་བསྐུར་རུང་གིས་ཞག་བདུན་ནས། །དཀྱིལ་འཁོར་གསར་དུ་འདྲི་དགོས་ན། །ལུས་རྟེན་འཕོས་པའི་རིགས་པ་ཡིས། །དེ་འདྲའི་དཀྱིལ་འཁོར་གཅིག་ཉིད་དུ། །དབང་ཚན་ཐ་དད་གྱུར་པ་ལ། །དབང་བསྐུར་མིན་ཞིང་དཀྱིལ་འཁོར་ཡང་། །ཐ་དད་