R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༧ན
[A:༥༧ན]དགོས་པ་སྨྱོན་མེད་གྲུབ། །འདི་ཡིས་ཁྱེད་ཀྱི་གྲུབ་མཐའ་དེའི། །ངན་ཚང་ཐམས་ཅད་བརྟོལ་བ་ཡིན། །ཞེས་གསུངས། ཡང་སྒྱི་ཆུ་བ་བུདྡྷ་ཤྲཱིའི་ཡང་ལན་ནོར་བུའི་ཕྲེང་བར་ཚངས་པའི་རིག་སྔགས་ཀྱི་མགོ་མཚུངས་ཀྱི་ལན་རྣམས་ལ་ལན་འདེབས་གང་ཡང་མ་མཛད་ལ། རྣལ་མའི་ལན་གྱི་རང་ལུགས་ཉེས་མེད་དུ་བསྟན་པ་རྣམས་ཀྱི་ཡང་ལན་དུ། འདི་ནི་རྒྱ་བོད་ཀྱི་རྡོ་རྗེ་འཛིན་པ་རྣམས་ལ་མེད་པའི་གྲུབ་མཐའ་སྟེ། ཁྱོད་ཀྱི་དབང་བསྐུར་ཕྱི་མ་རྣམས་ལ་བདག་བསྐྱེད་ཀྱང་མི་དགོས་པར་འགྱུར་ཏེ། བདག་བསྐྱེད་བྱས་པའི་དགོས་པ་ནི་བདག་ཉིད་ལྷར་བསྐྱེད་པ་ཡིན་ལ། དེ་ཙམ་གྱིས་སྐབས་དོན་བདག་བསྐྱེད་གཅིག་པུ་དེས་གྲུབ་ཟིན་པར་མཚུངས་པའི་ཕྱིར་ཞེས་པ་དང་། དེ་བཞིན་དུ་མདུན་བསྐྱེད་ཀྱི་དགོས་པ་དབང་ལེན་པའི་དམིགས་རྟེན་དང་། མཆོད་པའི་དགོས་པ་བསོད་ནམས་ཀྱི་ཚོགས་གསོག་པ་དང་། བདག་འཇུག་གི་དགོས་པ་དམ་ཚིག་ཉེས་པ་བསལ་ནས་སློབ་མ་བྱིན་གྱིས་བརླབས་པའི་ཕྱིར་དང་། བུམ་པ་སྟ་གོན་གྱི་དགོས་པ་དབང་བསྐུར་བའི་ཕྱིར་རྣམས་ཡིན་ལ། དགོས་པ་དེ་དག་མདུན་བསྐྱེད་སོགས་དེ་དག་དང་པོ་དེ་རྣམས་ཀྱིས་གྲུབ་ཟིན་པས། དབང་ཕྱི་མ་རྣམས་ལ་མདུན་བསྐྱེད་སོགས་མི་དགོས་པར་འགྱུར་རོ་ཞེས་མཚུངས་པ་བརྗོད་ནས། སྐབས་དོན་གྲུབ་ཀྱང་ཆོ་ག་ཁ་ལག་ཚང་བའི་ཕྱིར་ཡིན་ཟེར་ན་ས་ལྷ་སྟ་གོན་ལའང་ཅིའི་ཕྱིར་མི་མཚུངས། གལ་ཏེ་དངོས་གཞིའི་སྔོན་འགྲོ་གཏོར་མ་ནས་མཇུག་གི་བྱ་བའི་བར་ཆོ་ག་ཚར་གཅིག་ཡིན་པས་མི་མཚུངས་སྙམ་ན། དབང་གི་ཆོས་བརྒྱད་པོ་དེ་དག་ཆོ་ག་ཚར་གཅིག་ཡིན་ཅིང་། རྗེས་བཟུང་བསྙེན་པ་ས་ཆོག་