R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༧བ
[A:༥༧བ]གསུམ་ནི་ཆོ་ག་དེའི་ཡན་ལག་ཡིན་པས་དབང་བསྐུར་བ་མན་ཆད་དུ་མི་དགོས་ལ། ལྷག་མ་ལྔ་ནི་སྦྱོར་དངོས་རྗེས་གསུམ་ཚང་བའི་ཆོ་ག་ཚར་གཅིག་ཡིན་པས་དུས་ཐམས་ཅད་དུ་མཚུངས་སོ། །གཞན་ཡང་ཚེ་སྟོད་ལ་སྟ་གོན་ཚར་གཅིག་བྱས་པས་ཁྱོད་རང་གི་ཚེ་རིལ་པོ་དབང་བསྐུར་བའི་སྟ་གོན་གྱི་གོ་ཆོད་པར་འགྱུར་ཏེ། ཁྱོད་རང་གི་སྟ་གོན་བྱས་པའི་སྐབས་དོན་དེ་དག་སྟ་གོན་གཅིག་པུ་དེས་འགྲུབ་པའི་ཕྱིར་དང་། རྡུལ་ཚོན་གྱི་དཀྱིལ་འཁོར་གཅིག་གིས་སློབ་མ་བརྒྱ་སྟོང་གྲངས་མེད་པ་སྨིན་གྱི་འདུག་པའི་ཕྱིར་རོ། །ཡང་དཀྱིལ་འཁོར་དེ་དང་ཚོགས་དེ་དག་འབྲེལ་བའི་ཕྱིར་ཞེས་པའི་དོན་ཅི། ཚོགས་དེ་དག་གི་དོན་དུ་བཞེངས་པས་ཟེར་ན། རྡུལ་ཚོན་གྱི་དཀྱིལ་འཁོར་དེས་སེམས་ཅན་ཐམས་ཅད་སྨིན་པར་གྱིས་ཤིག་ཅེས་གསུངས། ཡང་ཚངས་པའི་རིགས་སྔགས་སུ་རས་བྲིས་དང་རྡུལ་ཚོན་གཉིས་དཀྱིལ་འཁོར་གཅིག་ཏུ་སྨིན་བྱེད་ཚར་མང་པོ་རུང་མི་རུང་གི་མཚུངས་པ་བརྗོད་ནས། དབང་བསྐུར་ཚར་རེ་ལ་སྟ་གོན་ཚར་རེ་དགོས་པའི་ལུང་བསྟན་དགོས་ཞེས་སོགས་ཀྱི་ལན་དུ། རས་བྲིས་དང་རྡུལ་ཚོན་མཚུངས་པ་མ་ཡིན་ཏེ། རས་བྲིས་ཀྱི་དཀྱིལ་འཁོར་གཅིག་ཉིད་དུ་སྦྱོར་དངོས་རྗེས་གསུམ་ཚང་བའི་ཆོ་ག་རེ་བྱས་ནས། སླར་ཡང་དེ་བཞིན་དུ་བྱས་པས་དབང་ཚན་མི་གཅིག་པ་མང་དུ་སྨིན་པ་མངོན་སུམ་དུ་མཐོང་ན། ཁྱོད་ཀྱིས་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་རས་བྲིས་ལྟར་གྱིས་ཤིག ཁོ་བོས་ཁྱོད་གྲུབ་པ་ཐོབ་པར་ཁས་བླངས་སོ། །དབང་གི་རྒྱ་གཞུང་བོད་གཞུང་ཐམས་ཅད་དབང་ཚར་རེ་སྟ་གོན་ཚར་རེ་དགོས་པའི་བཤད་པ་དང་ལག་ལེན་ཁོ་ན་ཡིན་ན་སེམས་རྣལ་དུ་ཕོབ་ཅིག ཀྱེ་རྡོ་རྗེའི་རས་བྲིས་