R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༨ན
[A:༥༨ན]དང་རྡུལ་ཚོན་དུ་དབང་བསྐུར་བ་ལ་སྟ་གོན་མི་དགོས་ཟེར་ཞིང་ལག་ལེན་དུ་བྱེད་པ་ཁྱོད་མིན་སུ་ཡང་མ་བྱུང་ངོ་། །དེས་ན་རྡུལ་ཚོན་གྱི་དཀྱིལ་འཁོར་ཁོ་ན་སྨིན་བྱེད་དུ་འདོད་པ་གྲུབ་པའི་མཐར་བྱས་པ་འདི་དང་། དད་པའི་རྗེས་འབྲང་གི་སློབ་ཚོགས་མང་བ་འདི་དང་། རྡུལ་ཚོན་ཡང་ནས་ཡང་དུ་འདྲི་མི་ནུས་པའི་ལས་སླ་འདི་གསུམ་གྱིས་རྡོ་རྗེ་ཐེག་པའི་བསྟན་པ་རྨང་ནས་ཞིག་པ་མ་མཁྱེན་པའི་རྡོ་རྗེ་སློབ་དཔོན་མང་དུ་མཐོང་སྟེ་དབང་ལམ་གྱི་རྩ་བ་ཡིན་པས་སྐལ་ལྡན་དག་ཟོན་གྱིས་ཤིག་ཅེས་གསུངས་སོ། །ཡང་ཚངས་པའི་རིགས་སྔགས་སུ་དཀྱིལ་འཁོར་སྒྲུབ་པ་དང་བདག་འཇུག་དང་དབང་གསུམ་གྱི་བར་དུ་ཆོ་ག་རིགས་མི་མཐུན་གཞན་གྱིས་བར་མ་ཆོད་པ་དགོས་པ་དང་། སྟ་གོན་དང་དངོས་གཞི་སྒྲུབ་མཆོད་ལ་དེ་མི་དགོས་པར་གསུངས་པའི་ལན་དུ། དེ་ལྟར་ན་སློབ་དཔོན་རིན་པོ་ཆེས་དཀྱིལ་འཁོར་སྒྲུབ་ཅིང་མཆོད་པའི་ཆོ་གའོ། །རྒྱས་པའི་སྦྱིན་སྲེག་བྱེད་ན་བར་འདིར་སྦྱིན་སྲེག་གི་ཆོ་ག་ལས་འབྱུང་བ་ལྟར་སྦྱིན་སྲེག་བྱའོ། །གལ་ཏེ་རབ་ཏུ་གནས་པ་བྱེད་པ་ཡིན་ཡང་དེའི་ཚེ་རབ་གནས་ཀྱི་སྟ་གོན་བྱའོ། །གལ་ཏེ་དཀྱིལ་འཁོར་ནུབ་གསུམ་པའི་ལུགས་སུ་བྱེད་ན་ཡང་དེའི་ནུབ་མོ་རབ་གནས་ཀྱི་སྟ་གོན་བྱས་ལ་ཕྱི་ཉིན། སྔ་དྲོ་རབ་གནས་ཀྱི་དངོས་གཞི་དང་རྒྱས་པའི་སྦྱིན་སྲེག་བྱས་ལ། དེའི་ནུབ་མོ་སློབ་དཔོན་བདག་ཉིད་འཇུག་ཅིང་དབང་བླང་བ་དང་སློབ་མ་གཞུག་ཅིང་དབང་བསྐུར་བའི་བར་དུ་བྱའོ། །གལ་ཏེ་རབ་ཏུ་གནས་པ་ལ་སོགས་པ་མི་བྱེད་དེ། དཀྱིལ་འཁོར་ནུབ་གསུམ་པར་ཡང་མི་བྱེད་ན་དེ་ལྟར་སྒྲུབ་ཅིང་མཆོད་པའི་རྗེས་ལ་སློབ་དཔོན་བདག་ཉིད་འཇུག་ཅིང་དབང་བསྐུར་