R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༨བ
[A:༥༨བ]བར་བྱ་སྟེ་དེའི་ཆོ་ག་ནི་ཞེས་གསུངས་ན། རབ་གནས་སྦྱིན་སྲེག་སོགས་དང་དཀྱིལ་འཁོར་ནུབ་གསུམ་པ་སོགས་ཀྱི་འཇུག་པ་མ་ཤར་བར། རང་ཉིད་སྒྲུབ་མཆོད་བདག་འཇུག་དབང་བསྐུར་བ་གསུམ་བར་མ་ཆད་པར་བྱས་པ་བློ་ཡུལ་དུ་བཞག་ནས། དབང་ཆུ་ཆེན་མོ་ཚར་གཅིག་ཀྱང་མ་བཀླགས་པར་ས་སྐྱ་པའི་བསྟན་འཛིན་དུ་ཁས་བླངས་ཏེ་འཆད་རྩོད་རྩོམ་གསུམ་གྱི་ཁུར་འཁུར་བ་ངོ་མཚར་ཆེའོ། །དེས་ན་རྗེ་ངོར་ཆེན་ཉིད་ནི་ལས་རྒྱུ་འབྲས་ལ་ཤིན་ཏུ་བརྩི་བར་གྲགས་ན་འདི་ལྟ་བུའི་རྩིང་ཆོས་ལ་གྲུབ་མཐར་བྱས་ནས་བླ་མ་མཁས་པའི་ཕྱག་ལེན་མཐོང་བརྒྱུད་དུ་སྨྲ་ཞིང་ཡི་གེ་རིས་སུ་བྲིས་པ་འདིས་རྗེ་བཙུན་ས་སྐྱ་པའི་བསྟན་པ་འཇིག་ཅིང་དད་ལྡན་མང་པོ་བསླུ་བ་དང་ངོར་པ་ཆེན་པོའི་ཞབས་རི་རྩེ་ནས་དྲངས་པ་ཁོ་བོས་མཐོང་ངོ་ཞེས་གསུངས་སོ། །དེ་ལྟར་ངོར་རྫོང་གཉིས་ཀྱི་བཞེད་པ་མི་འདྲ་བ་དེ་དག་ལས་རྫོང་ལུགས་ཀྱི་དགོངས་པའི་སྙིང་པོ་སློབ་མ་སྟ་གོན་སྟ་གོན་གཞན་གསུམ་དང་འབྲེལ་ཆགས་སུ་མ་བྱུང་ན་སློབ་མ་སྟ་གོན་གྱི་ཆོ་ག་དེ་ཆོ་ག་རྣམ་དག་ཏུ་མི་འགྱུར་ཞིང་། སློབ་མ་སྟ་གོན་རྣམ་དག་མ་བྱས་པ་ལ་དངོས་གཞི་བསྐུར་དུ་མི་རུང་ལ། རྡུལ་ཚོན་གྱི་དཀྱིལ་འཁོར་གཅིག་ཏུ་ལྷ་སྟ་གོན་ཚར་གཅིག་ལས་མེད་ཅིང་། གཅིག་པུ་དེ་དང་ཚར་རྟིང་མའི་སློབ་མ་སྟ་གོན་འབྲེལ་ཆགས་སུ་མ་བྱུང་བས་དབང་ཡང་ཚར་གཅིག་ལས་མི་རུང་བ་ཡིན་ཞེས་པ་དང་། ངོར་པའི་བཞེད་པ་ནི་ལྷ་སྟ་གོན་བྱས་པའི་དགོས་པ་གཞན་དོན་བྱེད་པར་གནང་བ་ཞུ་བ་ཡིན་པས་དེ་ཉིད་ནི་ལྷ་སྟ་གོན་གཅིག་པུ་དེས་གྲུབ་པས། ལྷ་སྟ་གོན་གཅིག་པུ་དེ་དང་སློབ་མ་སྟ་གོན་ངེས་པར་འབྲེལ་ཆགས་སུ་དགོས་པའི་ཚད་ལྡན་གྱི་ལུང་མེད་