R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༠བ
[A:༦༠བ]པས། ཆོ་ག་རིགས་མི་མཐུན་ཡིན་པའི་དོགས་པ་ཙམ་ཡང་མེད་པས་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱི་གསུང་དེ་དབང་ཆུ་ཆེན་མོ་དང་འགལ་བའི་དོགས་པ་ཅུང་ཟད་ཀྱང་དགོས་པ་མ་ཡིན་ནོ།
།ཡང་སྒྱི་ཆུ་བ་བུདྡྷ་ཤྲཱིའི་རྡུལ་ཚོན་ཁོ་ན་སྨིན་བྱེད་དུ་འདོད་པའི་གྲུབ་མཐའ་འདི་དང་ཞེས་སོགས་གསུངས་ཀྱང་། ངོར་ལུགས་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་ཁོ་ན་སྨིན་བྱེད་ཀྱི་དཀྱིལ་འཁོར་དུ་མི་བཞེད་པའི་ཕྱིར་ན་སྐྱོན་དེ་མི་འཇུག་ལ། འོན་ཀྱང་ངོར་ལུགས་ལ་གཙོ་བོར་སྨིན་བྱེད་ཀྱི་དཀྱིལ་འཁོར་རྡུལ་ཚོན་ལ་བཞེད་པར་སྣང་བ་ནི་རྗེ་བཙུན་གོང་མའི་དགོངས་པ་སྟེ། དེ་ལའང་ལས་དང་པོ་པ་མ་སྨིན་པ་སྨིན་པར་བྱེད་པ་ལ་རྡུལ་ཚོན་ཉིད་ལེགས་པས་རྒྱུད་སྡེ་ཐམས་ཅད་ལས་འདི་ཉིད་གཙོ་བོར་གསུངས་ལ། དེ་ལ་དགོངས་ནས་བདག་ཉིད་ཆེན་པོས་ཀྱང་། དེང་སང་གང་ཟག་རབ་འབྲིང་ཀུན། །རྡུལ་ཚོན་གྱི་ནི་དཀྱིལ་འཁོར་དུ། །དབང་བསྐུར་བྱ་བར་གསུང་མོད་ཀྱི། །གཞན་གྱི་སྨིན་བྱེད་རྒྱུད་ལས་བཀག །ཅེས་གསུངས་པ་ཡིན་ནོ། །གཞུང་འདིའི་ཚིག་ཟིན་ཙམ་ལ་དགོངས་རྩེ་གཏད་ནས་འབྲུག་པ་པདྨ་དཀར་པོས་བརྟག་གཉིས་འཆད་པ་རྣམས་ལ་དྲི་བ་མཛད་པ་དེའི་ལན་གོང་དཀར་བ་མཁྱེན་བརྩེ་ཆོས་མཛད་ཅེས་པས་མཛད་པ་དེ་ལ། སླར་འབྲུག་པ་སྤྲུལ་སྐུ་ཉིད་ཀྱིས་ཡང་ལན་ཞིག་མཛད་འདུག་པའི་ནང་ན། མངོན་བརྗོད་བླ་མའི་དགོངས་པ་དང་། གྲུབ་ཐོབ་གོང་མའི་ཕྱག་ལེན་ལའང་ཡོད་འདུག་པས་མཐའ་གཅིག་ཏུ་མི་རུང་བ་མ་ཡིན་ནོ་ཞེས་སྨྲས་པ། སྡོམ་གསུམ་མཛད་པས། དེང་སང་གང་ཟག་རབ་འབྲིང་ཀུན། །རྡུལ་ཚོན་གྱི་ནི་དཀྱིལ་འཁོར་དུ། །དབང་བསྐུར་བྱ་བར་གསུངས་མོད་ཀྱི། །གཞན་གྱི་